བོད་མིའི་ཕྱི་འབྲེལ་བཀའ་བློན་མཆོག་ནས་རྒྱ་ནག་ལ་སྐྱོན་བརྗོད།
2011.10.25
༄༅༎བཙན་བྱོལ་བོད་མིའི་ཕྱི་འབྲེལ་བཀའ་བློན་བདེ་སྐྱེད་ཆོས་དབྱངས་ལགས་ཀྱིས་རེས་གཟའ་ཕུར་བུའི་ཉིན་ཁེ་ན་ཌའི་སི་ཀྲི་ལྦི་(CTV)ཞེས་པའི་བརྙན་འཕྲིན་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དེ་ཡིས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
ད་དུང་ཁོང་གིས་གསུངས་པར། བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་བྱས་ནས་མི་ལོ་ལྔ་བཅུ་ལྷག་ཕྱིན་ཡོད་པ་དང༌། དེའི་ནང་ནས་ཉེ་བའི་མི་ལོ་བཅུ་ཕྲག་འགའ་ཤས་དེའི་ནང་དུ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་དྲག་གནོན་དང༌། དཔལ་འབྱོར་གྱི་ཁེ་ཕན་མེད་པ། ཁོར་ཡུག་གཏོར་སྐྱོན་སོགས་སྡུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་གསུམ་པ་ནས་འདས་པའི་ཟླ་བ་དྲུག་གི་ནང་ཚུད་ལ་བོད་ནང་དུ་བོད་མི་དགུ་ཡིས་རང་ལུས་མེ་བསྲེག་བཏང་བ་དེའི་རྒྱུ་མཚན་ནི། གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཐོག་དབང་བསྒྱུར་བྱས་པ་དང༌། བོད་མིའི་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་དེར་ངོ་རྒོལ་བྱས་པ་ཞིག་དང༌། ཁོང་ཚོ་ཚང་མས་རང་ལུས་མེ་བསྲེག་གཏོང་བཞིན་བོད་ལ་རང་དབང་དགོས་པ་དང༌། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པའི་མངོན་འདོད་གསལ་སྟོན་བྱས་ཡོད་པ་རེད་ཅེས་དང༌། ད་ཆ་བོད་ཀྱི་རིག་གཞུང་ནི་རྩ་མེད་འགྲོ་རྒྱུའི་ཉེན་ཁའི་གནས་སུ་སླེབས་ཡོད་པ་དང༌། དེ་ནི་རྒྱ་མི་རིགས་འབོར་ཆེན་བོད་ཀྱི་ས་ཁུལ་དུ་གནས་སྡོད་བྱེད་པ་ཙམ་མ་ཡིན་པར་བོད་མིའི་སྐད་ཡིག་ཉམས་ཆགས་འགྲོ་རྒྱུའི་ཉེན་ཁ་ཡོད་ཅིང༌། རིག་གཞུང་ནི་བོད་མིའི་འཚོ་གནས་དང་འབྲེལ་བ་དམ་གཟབ་ཡོད། ཉིན་གཅིག་རྒྱལ་བ་རིན་པོ་ཆེ་མ་བཞུགས་པ་ཡིན་ནའང་བོད་ཀྱི་གནད་དོན་ནི་དུས་ནམ་ཡང་ཡལ་ཐབས་མེད་པའི་ཁར་བོད་ཀྱི་གནད་དོན་རྣོ་ངར་ཆེ་རུ་འགྲོ་རྒྱུ་ཡིན་ཞིང༌། བོད་དོན་ཆེད་རང་ལུས་མེ་བསྲེག་བཏང་མཁན་བོད་མི་དེ་དག་ནི་དེ་སྔ་བོད་རྒྱ་ནག་གཞུང་གིས་དབང་བསྒྱུར་མ་བྱས་གོང་གི་བོད་ཀྱི་སྤྱི་ཚོགས་མཐོང་མྱོང་མེད་པའི་ལོ་ན་༢༠ རྩ་གྲངས་ཡིན་པའི་ན་གཞོན་ཤ་སྟག་ཡིན་པས། ཁོང་ཚོས་དེ་ལྟ་བུའི་ལམ་དུ་བསྐྱོད་དགོས་དོན་ནི་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་དེ་ལས་བྱུང་བ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།།