ཕྱི་དྲིལ་བཀའ་བློན་མཆོག་གིས་ལས་གནས་ནས་རྩ་དགོངས་ཞུས་བ།
2016.02.28
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་གིས་བློ་ཕམ་དང་བཅས་ལས་གནས་ནས་རྩ་དགོངས་ཞུས་འདུག
དེ་ཡང་ད་ལྟ་རང་འབྱོར་བའི་གནས་ཚུལ་ལྟར་ན། འདི་ཚེས་༢༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། དེའི་ཐད་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སྤེལ་བའི་གསལ་བསྒྲགས་ནང་། བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་བ་ཡིན། ཐག་གཅོད་འདི་ཕྲན་གྱིས་སྤྱི་བའི་རྩ་དོན་དང་། མ་འོངས་བར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་བ་ཡིན། ད་བར་བཀའ་བློན་གྱི་ལས་གནས་ཐོག་བོད་མི་མང་ལ་ཞབས་ཞུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་ཡིན་བསམ་ཡོད། མཐའ་དོན་སྤྱི་ནོར་༧གོང་ས་མཆོག་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། གཞིས་བཞུགས་བོད་རིགས་སྤུན་ཟླའི་རེ་འདུན་མངོན་འགྱུར་ཡོང་བར་སྨོན་ཅེས་འཁོད་པ་ལས་གཞན་དགོངས་པ་ཞུ་དགོས་དོན་ཐད་ཞིབ་ཕྲའི་གནས་ཚུལ་འཁོད་མེད་པ་རེད།
གནས་ཚུལ་ལྟར་ན། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ལོ་༡༩༩༠ལོར་བོད་མི་ཨ་རིར་(Connecticut, USA)གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་། ༡༩༩༩ ནས་༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་དུ་ཕེབས་ཏེ། མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང་། (Pepperidge Farm Inc.) དང་། (Canada World Youth)་ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ཕྱི་ལོ་༢༠༡༡ལོའི་ཟླ་༩པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་དྲིལ་བཀའ་བློན་དུ་བསྐོ་བཞག་གནང་སྐབས། ཁེ་ན་ཌའི་མོན་ཊེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་༢༠༠༠ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན་འདུག
གསར་འགོད་པ་ཀླུ་འབུམ།