༸གོང་ས་མཆོག་ནས་དུས་འཁོར་དབང་ཆེན་སྩོལ་བཞིན་པ།
2011.07.12
༄༅༎འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཚེས་དྲུག་ནས་བཟུང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་བཞིན་ཡོད་པ་ལྟར། ཁ་ས་ཚེས་བཅུ་གཅིག་ཉིན་ལག་ལེན་སོ་བདུན་མ་དང་། སྒོམ་རིམ་བར་མའི་བཀའ་འཁྲིད་མུ་མཐུད་བསྩལ་གནང་བ་དང་། ད་རིང་ཚེས་བཅུ་གཉིས་ཉིན་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་དབང་ཆེན་དང་འབྲེལ་བའི་གར་འཆམ་དང་། གཞན་ཡང་ཆོ་ག་སོགས་གནང་རྒྱུའི་མཛད་རིམ་ཡོད་པ་རེད། ཉིན་ལྟར་གསུངས་ཆོས་གྲུབ་གནང་བའི་རྗེས་སུ་ཕྱི་ནང་གི་ནང་ཆོས་མཁས་དབང་རྣམ་པས་ནང་པའི་ཆོས་དང་། དམིགས་བསལ་དུས་འཁོར་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་རྒྱུའི་ལས་རིམ་ཁག་ཅིག་གོ་སྒྲིག་ཞུས་ཡོད་པ་ལྟར་ཚང་མས་དོ་སྣང་ཆེན་པོས་བཅར་གྱི་ཡོད་པ་རེད། ཡང་མཛད་རིམ་གཞིར་བཟུང་ལྟར་ན། ཚེས་བཅུ་གསུམ་ནས་བཅོ་ལྔ་བར་ལྟ་གོན་དང་། བཀའ་དབང་དངོས་གཞི་བསྩལ་གནང་རྒྱུ་དང་། ཚེས་བཅུ་དྲུག་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་དང་། དགོང་དྲོ་འཆར་ཅན་ནང་ཆོས་ངོ་སྤྲོད་དང་། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ཆབ་སྲིད་ཀྱི་འཕོ་འགྱུར་སྐོར་མང་ཚོགས་ལ་བཀའ་སློབ་བསྩལ་གནང་རྒྱུ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པས་རྗེ་བཙུན་མི་ལ་རལ་པའི་རྣམ་ཐར་དང་། སྔ་མོའི་གཞས་ཞབས་བྲོ་སོགས་རིག་གཞུང་གི་མཛད་འཆར་ཁག་ཅིག་ཀྱང་ཡོད་པ་རེད།།