ཧོང་ཀོང་ནང་མི་གྲངས་འབུམ་ཕྲག་བརྒལ་བ་འཛོམས་ནས་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུས་འདུག


2019.06.04
ཧོང་ཀོང་ནང་མི་གྲངས་འབུམ་ཕྲག་བརྒལ་བ་འཛོམས་ནས་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུས་སྐབས། ༢༠༡༩།༦།༤ ཧོང་ཀོང་ནང་མི་གྲངས་འབུམ་ཕྲག་བརྒལ་བ་འཛོམས་ནས་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུས་སྐབས། ༢༠༡༩།༦།༤
AP

ཧོང་ཀོང་ནང་མི་མང་ཆིག་འབུམ་བརྒྱད་ཁྲི་ཙམ་འདུ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་བྱུང་ནས་ལོ་ངོ་སུམ་ཅུ་འཁོར་བའི་དྲན་གསོ་ཞུས་ཡོད་འདུག
དེ་ཡང་ཟླ་༦་པའི་ཚེས་བཞིའི་དགོང་དྲོར་ཧོང་ཀོང་ནང་མི་མང་ཆིག་འབུམ་བརྒྱད་ཁྲི་ཙམ་འདུ་འཛོམས་ཀྱིས། མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་བྱུང་ནས་ལོ་ངོ་སུམ་ཅུ་འཁོར་བའི་དྲན་གསོ་ཞུས་ཡོད་འདུག གོང་ཞུས་ལས་འགུལ་འདི་བཞིན་མང་གཙོ་དོན་གཉེར་བ་རྒན་རབས་ཁག་ཅིག་ནས་གོ་སྒྲིག་ཞུས་པ་དང་། ཁོང་ཚོས་དོན་རྐྱེན་དེའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོའི་ནང་མིར་དྲང་བདེན་གྱི་གུན་གསབ་དང་། རྒྱ་ནག་མང་གཙོའི་ལམ་ལུགས་སུ་བཅོས་བསྒྱུར་གཏོང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག
འདུ་འཛོམས་སྐབས་གཞས་པ་(Anthony Wong)གྱིས། ང་ཚོ་འདིར་འདུ་འཛོམས་བྱེད་དགོས་པའི་རྒྱུ་མཚན་ནི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྐབས་སྡུག་རྩུབ་ཅན་གྱི་བྱེད་གཏེ་དེ་དག་ལ་ངོ་རྒོལ་བྱེད་རྒྱུ་དང་། ཧོང་ཀོང་ནང་ལའང་དེ་འདྲ་བའི་དྲག་གནོན་མི་བྱེད་པའི་ངེས་པ་མི་འདུག དེ་འདྲ་ཆགས་པ་ཡིན་ན་ང་ཚོའི་མི་རབས་གསར་པ་ཚོར་གྱོང་གུན་ཆེན་པོ་ཕོག་རྒྱུ་ཡིན་ལུགས་གསུངས་འདུག
དེ་དང་ཕྱོགས་མཚུངས་ལོ་ན་སུམ་ཅུ་སོ་ལྔ་ཡིན་པའི་གཞོན་སྐྱེས་(Gary Chiu)ཞེས་པས་ཁོང་རང་ཉིད་བཟའ་ཟླ་དང་།  བུ་མོ་གཉིས་མཉམ་འཁྲིད་ཀྱིས་ལས་འགུལ་ནང་མཉམ་ཞུགས་ཡོད། ཧོང་ཀོང་ནང་ཉེ་ཆར་ནག་ཉེས་ཅན་ཕྱིར་རྩིས་སྤྲོད་བྱེད་རྒྱུའི་ཁྲིམས་གཞི་གསར་བཟོ་བྱེད་རྒྱུའི་འཆར་གཞི་དེ་ནི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དང་འདྲ་མཚུངས་བཟོ་རྩིས་རེད་ལ་དེ་ནི་རྒྱ་ནག་སྐམ་ས་ཆེན་པོའི་འགོ་འཁྲིད་ཚོའི་བཟོས་པ་ཞིག་ཀྱང་རེད་ཅེས་སྐྱོན་བརྗོད་བྱས་འདུག
སྤྱིར་བཏང་དེ་སྔ་ཕྱི་ལོ་ ༡༩༩༧ ་ལོར་ཧོང་ཀོང་དབྱིན་ཇིའི་སར་ནས་རྒྱ་ནག་གཞུང་ནས་རྩིས་བླངས་ཡོད་པ་དང་། སྐབས་དེར་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་འཛིན་རྒྱུའི་གྲོས་མཐུན་བཞག་ཏེ་རྒྱ་ནག་སྐམ་ས་ཆེན་པོ་དང་། མི་འདྲ་བར་ས་གནས་སྲིད་གཞུང་གི་དབང་འཛིན་པའི་མང་གཙོའི་ལམ་ལུགས་ལྟ་བུའི་གྲོས་ཚོགས་འཐུས་མི་འདེམས་རྒྱུ་དང་། གསར་འགོད་རང་དབང་གང་འཚམས་ཡོད་པ་ཞིག་ལོ་ཤས་རིང་རང་འཇགས་གནས་ཐུབ་ཡོད་པ་རེད། འོན་ཀྱང་རིམ་པས་ཧོང་ཀོང་ནང་དུའང་རང་དབང་ཉུང་དུ་འགྲོ་བཞིན་ཡོད་པ་དང། ལྷག་པར་དུ་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་གཞོན་སྐྱེས་ཚོས་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བ་སོགས་ཀྱིས་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། ཟླ་བ་འགའ་ཤས་གོང་ཧོང་ཀོང་ནང་དུའང་ཉེས་ཅན་པ་ཚོར་རྩིས་སྤྲོད་རྒྱུའི་ཁྲིམས་གཞི་ཞིག་གསར་བཟོ་བྱེད་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་པ་དེར་མང་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད། དེས་ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོར་མིང་འདྲ་མིན་གྱི་ཐོག་ནས་ཉེས་འཛུགས་བྱེད་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པ་རེད། གང་ལྟར་དྲུག་བཞིའི་དོན་རྐྱེན་དྲན་གསོའི་ལས་འགུལ་སྐབས་མི་མང་ཆིག་འབུམ་བརྒྱད་ཁྲི་ཙམ་འདུ་འཛོམས་བྱུང་ཡོད་ཀྱང་། དེ་སྔ་ནང་བཞིན་གཞོན་སྐྱེས་མཉམ་ཞུགས་བྱེད་མཁན་གྱི་གྲངས་ཚད་ཉུང་རུ་སོང་པ་དེ་ནི་ཧོང་ཀོང་ནང་ངོ་རྒོལ་སྒེར་ལངས་བྱས་པ་ཡིན་ན་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎