ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇི་མི་ཁཱ་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་སྟེང་དགོངས་པ་རྫོགས་པར་༸གོང་ས་མཆོག་གིས་ཁོང་གི་ནང་མིར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

2024.12.30
ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇི་མི་ཁཱ་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་སྟེང་དགོངས་པ་རྫོགས་པར་༸གོང་ས་མཆོག་གིས་ཁོང་གི་ནང་མིར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག ༸གོང་ས་མཆོག་དང་སྐུ་ཞབས་ཇི་མེ་ཁཱ་ཊར་ལགས།
OHHDL

* གནས་ཚུལ་ཁ་སྣོན་བྱས་ཡོད།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་མང་གཙོ་གོང་སྤེལ། རྒྱལ་སྤྱིའི་ནང་རྩོད་རྙོག་འདུམ་འགྲིག་བཅས་ཀྱི་ཐོག་འབད་བརྩོན་ལྷོད་མེད་གནང་སྟེ། ༢༠༠༢ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བ་དང་། ཨ་མི་རི་ཀའི་སྲིད་འཛིན་ཐམས་ཅད་ལས་དགུང་ལོ་རིང་ཤོས་སུ་བཞུགས་མཁན། ཨ་མི་རི་ཀའི་སྲིད་འཛིན་ ༣༩ པ་ཇི་མི་ཁཱ་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་སྟེང་། ཟླ་ ༡༢ པའི་ཚེས་ ༢༩ ཉིན་རང་ཁྱིམ་དུ་ཐུགས་ཞི་ལྷོད་དང་བཅས་ཏེ་དགོངས་པ་རྫོགས་ཡོད་པ་རེད།  སྲིད་འཛིན་ཟུར་པ་ཇི་མི་ཁཱ་ཊར་མཆོག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ཨ་རིའི་དབར་ལ་ཕྱི་འབྲེལ་གྱི་འབྲེལ་ལམ་འཛུགས་མཁན་ཨ་རིའི་སྲིད་འཛིན་དང་པོ་དེ་ཡིན་པ་མ་ཟད།  བོད་རྒྱའི་འབྲེལ་ལམ་གྱི་གནད་དོན་ཐོག་ལའང་རྒྱ་ནག་ལ་སྐུལ་མ་གནང་མཁན་ཞིག་ཀྱང་ཡིན་པ་རེད།  ཁོང་ཨ་མི་རི་ཀའི་འཇོར་ཇི་ཡ་མངའ་སྡེའི་པིལེནསི་དུ་དགོངས་པ་རྫོགས་པར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་སྲིད་འཛིན་དམ་པ་ཁོང་གི་སྲས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། སྲིད་འཛིན་ཁཱ་ཊར་མཆོག་གིས་ཉམ་ཐག་དབུལ་ཕོངས་ཀྱི་མི་ཚོར་རོགས་རམ་གང་ཐུབ་གནང་བ་དང་། ཞི་བའི་ལམ་ནས་དཀའ་རྙོག་སྣ་ཚོགས་སེལ་ཐབས་དང་།འཛམ་གླིང་གང་སར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བཅས་ལ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་གྱིས། ངེས་པ་དོན་གྱིས་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པ་མ་ཟད། མི་ཚེ་རིང་མོ་དེར་གཞན་ཕན་གྱི་བྱ་བཞག་སྒྲུབ་ནས་མི་ཚེ་བསྐྱལ་བའི་ང་ཚོར་མིག་ལྟོས་ཧ་ཅང་བཟང་པོ་ཞིག་བཞག་པ་”བཅས་གསུངས་པ་དང་མཚུངས།“ལྷག་དོན་སྲིད་འཛིན་དམ་པ་ཁོང་གིས་བོད་ནང་གི་གནས་སྟངས་ཐོག་དོ་ཁུར་གཏིང་ཟབ་ཀྱིས་བོད་མིའི་དཀའ་སྡུག་སེལ་བའི་ཐད་རོགས་མགོན་ཕྱག་ལས་བརྩམས་པར། བོད་མི་མང་དང་ངོས་ནས་བཀའ་དྲིན་ཆེན་པོར་ཚོར་གྱི་ཡོད་”ཅེས་བཀའ་སྩལ་འདུག་ཅིང་། འདི་ག་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ཟླ་༡༢པའི་ཚེས་༣༠ཉིན་སྲི་ཞུ་ལས་བྱེད་པ་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའང་ཚང་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གནང་ཡོད་པ་མ་ཟད། ཉིན་གུང་རྒྱབ་ལ་ལས་ཁུངས་ཆ་ཚང་སྒོ་བསྐྱོན་ཏེ་མྱ་ངན་གུས་འདུད་ཀྱང་ཞུས་ཡོད་པས།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས། མཆོད་འབུལ་མྱ་ངན་འདི་ནི་ཉེ་ཆར་དགོངས་པ་རྫོགས་པའི་རྒྱ་གར་སྲིད་བློན་ཟུར་པ་མན་མོ་ཧན་སེང་མཆོག་དང་། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇེ་མེ་ཁཱ་ཊར་གཉིས་ཀས་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག

DSC03761.JPG
བོད་མིའི་སྒྲིག་འཛུགས་ཀྱི་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༤།༡༢།༣༠ ཉིན།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་ཀྱང་། དམ་པ་ཁོང་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བོ་དང་མགོན་པོ་མཆོག་ལ་ཐེངས་༤མཇལ་འཕྲད་གནང་ཡོད་པ་དང་། ལྷག་པར་ ༡༩༨༧ ལོར་རྒྱ་ནག་གི་འགོ་ཁྲིད་ཏིང་ཞོ་ཕིང་ལ་ཐུག་འཕྲད་ཀྱིས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་བོད་ནང་ཆིབས་སྒྱུར་གནང་བཅུག་དགོས་པ་དང་།མགོན་པོ་གང་ཉིད་ཀྱི་ཐུགས་འདོད་ལྟར་བོད་ནང་བཞུགས་བཅུག་དགོས་པའི་མཚོན། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་དོན་ཐོག་ལྷོད་མེད་ཕྱག་ལས་གནང་མཁན་ཞིག་ཡིན་པ་སོགས་ཀྱིས། ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཨ་རིའི་སྲིད་འཛིན་ཇིམ་མེ་ཁར་ཊར་ (Jimmy Carter) མཆོག་གིས་ཕྱི་ལོ་ ༡༩༧༧ ནས་༡༩༨༡ བར་དུ་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་སྐབས། བོད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེ་ཤོས་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིར་ཆིབས་བསྒྱུར་ཐེངས་དང་པོ་གནང་པ་ ༡༩༧༩ ལོར་སྲིད་འཛིན་ཁོང་གི་སྐབས་ལ་བྱུང་བ་རེད་ཅེས་དང་། དེའི་རྐྱེན་པས་ཨ་མི་རི་ཀའི་ནང་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཡོང་བ་སོགས་ཁྱད་པར་ཆེན་པོ་བྱུང་ཡོད་པ་དང་། དེའི་བག་ཆགས་ད་དུང་ཡིན་ན་ཡང་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ལྷོད་མེད་ཐོབ་བཞིན་པ་དུས་དེ་ནས་བྱུང་བ་ཡིན་པ་རེད། ཡིན་ན་ཡང་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་དོན་གླེང་བ་དང་། བོད་ནང་ཕེབས་པ། ༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་སོགས་ནི་ཁོང་སྲིད་འཛིན་འཁྱོལ་ཟིན་པའི་རྗེས་ནས་བྱུང་བ་རེད་ཅེས་སོགས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༡༩༧༧ ལོ་ནས་ ༨༡ བར་ཨ་མི་རི་ཀའི་སྲིད་འཛིན་གནང་མཁན་ཇི་མེ་ཁཱ་ཊར་མཆོག་ནས། ཕྱི་ལོ་ ༡༩༧༨ ལོར་སྲིད་འཛིན་ལས་ཐོག་གི་སྐབས་སུ་ཨེ་ལྗིབ་དང་ཨི་ཟི་རལ་གཉིས་ལ་བར་འདུམ་གྱིས། ཕན་ཚུན་ཞི་བདེར་གནས་ཐུབ་པའི་ཆིངས་ཡིག་བཞག་ཡོད་པ་མ་ཟད། རྒྱ་ནག་དང་ཨ་མི་རི་ཀའི་བར་གཞུང་འབྲེལ་གྱི་ལམ་ནས་ཕྱི་འབྲེལ་ལས་དོན་དངོས་སུ་འགོ་བཙུགས་པ་དང་། སྲིད་འཛིན་ཡོལ་རྗེས་ཀྱང་ཁོང་གི་ཁཱ་ཊར་ལྟེ་གནས་ཁང་གིས་འཛམ་གླིང་ཡུལ་ཁག་མང་པོར་འོས་བསྡུ་ལ་རྟོག་ཞིབ་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས། ཁོར་ཡུག་སྲུང་སྐྱོབ་དང་ནད་རིགས་སྔོན་འགོག རྒྱལ་སྤྱིའི་ནང་རྩོད་རྙོག་སྣ་ཚོགས་འདུམ་སྒྲིག་གི་ལས་དོན་སོགས་རྒྱ་ཆེར་གནང་ཡོད་པར་བརྟེན། ༢༠༠༢ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
ཁ་སྣོན་གསར་འགོད་པ། ཨ་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎