སློབ་བུ་འཇིགས་མེད་ཚེ་རིང་ལགས་སུ་སྲིད་སྐྱོང་སློབ་ཡོན་ཐོབ་པ།
2015.10.07
རྒྱ་གར་གྱི་གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་གནང་བཞིན་པའི་སློབ་བུ་འཇིགས་མེད་ཚེ་རིང་ལགས་ཀྱིས་གཟེངས་སུ་ཐོན་པའི་བརྒྱ་ཆ་ལོན་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་རིང་ཕྱི་ཚེས་༧་ཉིན་རྒྱ་གར་གྱི་གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་གནང་བཞིན་པའི་སློབ་བུ་འཇིགས་མེད་ཚེ་རིང་ལགས་ཀྱིས་ཡིག་རྒྱུགས་ནང་གཟེངས་སུ་ཐོན་པའི་བརྒྱ་ཆ་ལོན་པར་བསྔགས་བརྗོད་གནང་བ་དང་སྦྲགས་སློབ་ཡོན་ཧིན་སྒོར་འབུམ་གཅིག་གནང་འདུག
གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་གནང་བཞིན་པའི་ལོ་དུས་དང་པོའི་ཡིག་རྒྱུགས་ནང་བརྒྱ་ཆ་༩༧་དང་གྲངས་ཆུང་༩་ལོན་པའི་སློབ་བུ་འཇིགས་མེད་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་མཐོ་སློབ་ཀྱི་སློབ་ཡོན་ཚད་མཐོ་ཤོས་ཧིན་སྒོར་འབུམ་གཅིག་བཞེས་གནང་མཁན་སློབ་ཕྲུག་ཐོག་མ་དེ་ཆགས་ཡོད་ཅིང་། དེ་རིང་བཀའ་ཤག་ཚོགས་ཁང་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། སློབ་བུ་འཇིགས་མེད་ཚེ་རིང་ལགས་བཅས་ལྷན་འཛོམས་ཐོག་ཤེས་རིག་མཐོ་སློབ་ཀྱི་སློབ་ཡོན་ཚད་མཐོ་ཤོས་ཧིན་སྒོར་འབུམ་བཞེས་མཁན་འཇིགས་མེད་ཚེ་རིང་ལགས་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས་གསར་འགོད་གསལ་བསྒྲགས་གནང་ཡོད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཇིགས་མེད་ཚེ་རིང་ལགས་ཀྱིས་སློབ་སྦྱོང་གནང་བཞིན་པ་འདི་རྒྱལ་སྤྱིའི་ནང་ཆེ་ཐོངས་ཡོད་པའི་སློབ་ཚན་ཞིག་ཡིན་པ་དང་། མ་འོངས་པར་སློབ་ཕྲུག་གཞན་ལ་མིག་དཔེ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་དང་། འཇིགས་མེད་ཚེ་རིང་ལགས་ཀྱིས་ཧིན་རྡུ་སེ་ཐན་མཐོ་སློབ་(Hindustan Universary)ཅེས་པའི་ནང་ལོ་རིམ་དང་པོའི་ཡིག་རྒྱུགས་ནང་བརྒྱ་ཆ་༩༧་དང་གྲངས་ཆུང་༩་ལོན་ཡོད།
འཇིགས་མེད་ཚེ་རིང་ལགས་ནི་རྡོར་གླིང་ནང་གནས་བཞུགས་ཕ་ཚེ་རིང་རྡོ་རྗེ་ལགས་དང་། ཨ་མ་ཟླ་བ་སྒྲོལ་མ་ལགས་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ནང་ནས་ཆུང་ཤོས་ཡིན་པ་དང་། འཛིན་རིམ་བརྒྱད་པ་བར་སྒང་ཏོག་གཏན་སློབ་དང་། དེ་རྗེས་རྡོར་གླིང་གཏན་སློབ་ནང་འཛིན་གྲ་བཅུ་པ་བར་སློབ་སྦྱོང་གནང་བའི་རྗེས་སུ་མ་སུ་རི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་ཏེ་ད་ཆ་རྒྱ་གར་ལྷོ་ཕྱོགས་Chennaiགྲོང་ཁྱེར་ནང་གི་ཧིན་རྡུ་སེ་ཐན་འཕྲུལ་ལས་རིག་རྩལ་དང་ཚན་རིག་ལྟེ་གནས་ཁང་ནང་གནམ་གྲུ་བཟོ་གཏོང་རིག་རྕལ་ཐོག་སློབ་གཉེར་གནང་བཞིན་པ་དང་། ཁོང་གི་དམིགས་ཡུལ་ནི་མ་འོངས་པར་Rocket Scientistའམ་བར་སྣང་ལ་མེ་ཤུགས་འཕུར་མདེལ་གཏོང་མཁན་གྱི་ཚན་རིག་པ་ཞིག་གནང་འདོད་ཡོད་སྐོར་གསུངས་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།