བླ་བྲང་འཇིགས་མེད་ལགས་ཀྱི་སྐུ་ཕུང་ཉེན་རྟོག་པས་ལྟ་རྟོག་དང་དམག་མིས་དམ་དྲག་འོག་དུར་ཁྲོད་དུ་བསྐྱལ་དགོས་བྱུང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༧ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིཊ་མེད་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་ཁོང་གི་ཕ་ཡུལ་ཕུག་སྡེའི་རང་ཁྱིམ་ནས། བླ་བྲང་དགོན་པའི་རྒྱབ་རིའི་ངོས་སུ་ཡོད་པའི་དུར་ཁྲོད་དུ་སྐྱེལ་མ་བྱས་ཡོད་ཀྱང་། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིས་ཁྱིམ་ནས་བཟུང་དུར་ཁྲོད་བར་སོ་ལྟ་དང་ལྟ་རྟོག་བྱས་ཡོད་པ་མ་ཟད། མི་མང་འདུ་འཛོམས་རིགས་ལ་དམ་དྲགས་བྱས་ཡོད་ན་ཡང་སྐུ་ཕུང་དུར་ཁྲོད་ལ་སྐྱེལ་སྐབས་ཡུལ་མི་མང་པོ་ལམ་ཁར་བསྟར་ཕྲེང་གིས་མཎི་དབྱངས་སུ་གྱེར་བ་སོགས་བྱས་ཡོད་པ། འབྲེལ་ཡོད་ཁོང་གི་སློབ་ཕྲུག་ཅིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་སྐུ་ཕུང་དུར་ཁྲོད་དུ་བསྐྱལ་སྟེ་དུར་འཇུག་བྱས་ཡོད་པ་ལས། སྐུ་ཕུང་ཞུགས་འབུལ་དང་བྱ་གཏོར་རིགས་ག་རེ་བྱས་ཡོད་གསལ་ཁ་མེད་པ་དང་། ཧ་ཅང་དམ་དྲགས་རྐྱེན་གྱིས་འབྲེལ་ཡོད་ཚོས་ཟུར་ཙམ་མ་གཏོགས་ཞིབ་ཕྲ་གང་ཡང་བཤད་ཐུབ་ཀྱི་མེད་པ་དང་། སྤྱི་ཡོངས་ནས་འབྲེལ་ཡོད་ཚོ་གཙོས་ཡུལ་སྡེ་ཡོངས་སུ་རྒྱ་ནག་གཞུང་གི་ལྟ་རྟོག་འོག་ཡོད་པ་དང། ཉེ་སྔོན་སྐུ་ཕུང་ཁྱིམ་དུ་ཡོད་སྐབས་དགེ་འདུན་པ་ཁག་ཅིག་ལ་སྨོན་ལམ་གསུང་འདོན་བྱེད་བཅུག་པ་ལས། གཞན་མི་མང་ཡོང་བཅུག་པ་མེད་པ་སོགས་ཀྱི་དམ་དྲགས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
འཇིགས་མེད་ལགས་ཟླ་འདིའི་ཕྱི་ཚེས་༢ཉིན་དེ་སྔ་བཙོན་ཁང་ནས་རྡུང་རྡེག་མནར་གཅོད་རྐྱེན་གྱིས་ནད་གཅོང་གིས་སྐུ་གཤེགས་ཡོད་པ་རེད་ལ། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ནས་ཁོང་དེ་སྔ་བཙོན་ཁང་ནས་ཀློད་གྲོལ་བཏང་རྗེས། རྒྱ་ནག་གཞུང་གིས་ཕྱིར་དགོན་པར་འཛུལ་ཞུགས་བྱེད་མ་བཅུག་སྟབས། རང་ཁྱིམ་དུ་འཇིགས་བྱེད་ཀྱི་མཚམས་ལ་ཡུན་རིང་བཞུགས་ཡོད་པ་དང་། དུས་ཡུན་དེའི་རིང་རྒྱ་ནག་ཉེན་རྟོག་པས་རྒྱུན་པར་ཁོང་གི་འཐའ་འཁོར་གྱི་ཐག་ཉེ་རིང་ཀུན་ཏུ་སོ་ཉུལ་ལྟ་རྟོག་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བླ་བྲང་འཇིགས་མེད་ལགས་ནི་ཡུན་རིང་བོད་དོན་འཐབ་རྩོད་གནང་མཁན་ཞིག་དང་། ཁོང་རྒྱ་ནག་གཞུང་གིས་དེ་སྔ་ཐེངས་བཞི་ཙམ་ཙམ་ལ་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་༢༠༡༤ཟླ་༩ཚེས་༥ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་ནས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ། ཁོང་གིས་དེ་སྔ་བླ་བྲང་དགོན་པའི་རྔ་རོལ་ཚོགས་པའི་འགན་འཛིན་དང་། དགོན་པའི་དོ་དམ་པ་གཞོན་པ་སོགས་ཀྱི་འགན་འཁུར་ཡོད་པ་མ་ཟད། དགོན་པའི་ལས་རིགས་སློབ་གྲྭའི་སློབ་སྤྱི་སོགས་གནང་མྱོང་ཡོད་པ་དང་། ཁོང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ཧ་ཅང་མཁས་པ་དང་། རྒྱ་ཡིག་སོགས་ལ་མཁྱེན་རྒྱ་ཆེན་པོ་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།