བལ་ཡུལ་སྲིད་འཛིན་གཞོན་པས་ཡུལ་སྐད་ཐོག་དམ་འབུལ་དགོས།
2009.08.24
༄༅༎བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྲིད་འཛོན་གཞོན་པས་བལ་ཡུལ་གྱི་ཡུལ་སྐད་ཐོག་བསྐྱར་དུ་དམ་འབུལ་མ་གནང་ཚེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་གོ་གནས་ཤོར་རྒྱུའི་ཁྲིམས་ཐག་བཅད་པ་དེར་སྲིད་འཛིན་གཞོན་པ་པ་ར་མ་ནན་རྡ་ཇ་མཆོག་གིས་ཁྲིམས་ཞིབ་ཁང་གིས་དབང་ཚད་ལས་འདས་པའི་ཐག་གཅོད་གནང་ཡོད་ལུགས་སྐྱོན་བརྗོད་གནང་ཡོད་འདུག
སྲིད་འཛོན་གཞོན་པས་བར་བརྒལ་གྱི་རྩ་ཁྲིམས་ཀྱི་ལེའུ་སུམ་ཅུ་སོ་དྲུག་པའི་ནང་དང་པོའི་དོན་ཚན་གཉིས་པའི་ནང་སྲིད་འཛིན་གཞོན་པའི་ཞབས་སྟེགས་སྟོང་པ་ཆགས་རྒྱུའི་ཆ་རྐྱེན་རྣམས་ནི་དོ་བདག་འདས་གྲོངས་སོང་བའམ་དགོངས་ཞུ་གནང་བ།གནས་དབྱུངས་བཏང་བ་བཅས་ཡིན་པ་ལུང་འདྲེན་གྱིས་ཁྲིམས་ཞིབ་ཁང་གིས་རེས་གཟའ་ཉི་མའི་ཉིན་གནང་བའི་བཀའ་རྒྱ་དེ་ནི་ཁྲིམས་ཁང་གི་དབང་ཚད་ལས་འདས་པའི་ཐག་གཅོད་གནང་ཡོད་ལུགས་སྐྱོན་བརྗོད་གནང་འདུག ཁྲིམས་ཁང་གིས་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བཞི་ཉིན་གོང་ཞུས་བཀའ་རྒྱ་བཏང་ནས་སྲིད་འཛིན་གཞོན་པས་བདུན་ཕྲག་གཅིག་ནང་ཚུད་བསྐྱར་དུ་དམ་འབུལ་གནང་དགོས་པའི་སྐུལ་དེད་གནང་ཡོད་རེད། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་སྦ་ཧ་རྡུར་མ་གར་དང་རམ་ཀུ་མའར་པར་ས་རྡེ་ཤ།ཀལ་ཡན་ཤེ་རེ་སི་ཐ།པེ་རེམ་ཤར་མ་དང་སྦ་རཐ་རཇེ་ཨུབ་རེ་བཅས་ཀྱིས་བཀའ་རྒྱ་དེར་མཚན་རྟགས་བཀོད་འདུག འོན་ཀྱང་སྲིད་འཛིན་གཞོན་པས་བཀའ་རྒྱ་དེར་ཁ་ཡ་གནང་གི་མེད་པ་རེད། ད་ཆ་ཁོང་གིས་གལ་སྲིད་སྲིད་འཛིན་གྱི་ལམ་སྟོན་གནང་བ་ཡིན་ན་དགོངས་བཞེས་གནང་རྩིས་ཡོད་ལུགས་གསུངས་གནང་འདུག སྔ་ལོ་ཁོང་སྲིད་འཛིན་གཞོན་པར་བསྐོ་བཞག་གནང་སྐབས་དམ་འབུལ་རྒྱ་གར་གྱི་ཧིན་རྡི་སྐད་ཡིག་ཐོག་དམ་འབུལ་གནང་བ་རེད། དེའི་རྗེས་སུ་དམ་འབུལ་གྱི་སྐད་ཡིག་གི་དཀའ་རྙོག་དེ་བྱུང་པ་རེད༎