འཁོན་འཛིན་གྱི་གནས་སྟངས་གང་མགྱོགས་རྒྱབ་བསྐྱུར་བྱེད་དགོས།
2014.11.11
ཉི་ཧོང་དང་རྒྱ་ནག་གཉིས་ཁ་བྲལ་ཐབས་མེད་པའི་རང་བཞིན་གྱིས་འདས་པའི་འཁོན་འཛིན་གང་མགྱོགས་རྒྱབ་བསྐྱུར་བྱེད་དགོས་བ་གསུངས་འདུག
དེ་ཡང་ཉི་ཧོང་དང་རྒྱ་ནག་དབར་ཤར་རྒྱ་ནག་རྒྱ་མཚོའི་མཚོ་གླིང་བདག་དབང་གི་རྩོད་གཞིའི་རྐྱེན་གྱིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་འདས་པའི་ལོ་གཉིས་རིང་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་ན་ཡང་། ཕྱོགས་གཉིས་ཀའི་ངོས་ནས་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་པའི་མཚོན་རྟགས་ཆེ་ཤོས་སུ་ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ལྷན་ཚོགས་སམ་དབྱིན་སྐད་ནང་APEC ཟེར་བའི་ཆེས་མཐོའི་ལྷན་ཚོགས་དེ་ཚུགས་པའི་ཞོར་དུ་ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་གནང་ཡོད་པ་རེད། དེ་རིང་གཟའ་མིག་དམར་ཉིན་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བེ་མཆོག་གིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་པ་ཚོར་ཉི་ཧོང་དང་རྒྱ་ནག་ནི་ཕན་ཚུན་བཅིངས་བ་དམ་པོས་ཁ་བྲལ་ཐབས་མེད་པའི་རང་བཞིན་ཞིག་ཡིན་ལ། ཕན་ཚུན་གཉིས་ཀར་དགོས་གལ་ཆེ་བ་ཞིག་ཀྱང་ཡིན་པས་འདས་པའི་འཁོན་འཛིན་གྱི་གནས་སྟངས་གང་མགྱོགས་རྒྱབ་བསྐྱུར་བྱེད་དགོས་ཅེས་དང་། མངའ་ཁུལ་དང་འཛམ་གླིང་ཞི་བདེ་དང་དཔལ་ཡོན་གོང་འཕེལ་གཏོང་རྒྱུར་ཉི་ཧོང་དང་རྒྱ་ནག་གཉིས་ཀར་ལས་འགན་ཡོད་པ་ཞིག་རེད་ཅེས་གསུངས་འདུག
གཟའ་ཟླ་བའི་ཉིན་ཉི་ཧོང་གི་སྲིད་བློན་ཨ་བེ་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་རྣམ་གཉིས་མཇལ་འཕྲད་གནང་པ་དེ་ནི་འདས་པའི་ལོ་གསུམ་གྱི་དུས་ཡུན་ནང་ཡུལ་གྲུ་གཉིས་ཀྱི་དབུ་ཁྲིད་མཇལ་འཕྲད་གནང་པ་ཐོག་མ་དེ་ཡིན་ཞིང་། ཉི་ཧོང་གི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་འཛིན་དང་མུ་འཐུད་གནད་དོན་གལ་ཆེའི་ཐོག་གྲོས་མོལ་གནང་རྒྱུའི་ཐུགས་རེ་ཡོད་པ་གསུངས་ཡོད་ན་ཡང་སླར་ཡང་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་ག་དུས་གནང་མིན་གསལ་བཤད་གང་ཡང་གནང་མེད་པ་རེད། རྒྱ་ནག་དང་ཉི་ཧོང་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དང་དང་གསུམ་དེ་ཡིན་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།