ཉི་ཧོང་གི་གྲོས་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་ཆོད་བཞག་འདུག

2022.02.01
ཉི་ཧོང་གི་གྲོས་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་ཆོད་བཞག་འདུག ཉི་ཧོང་གྲོས་ཚོགས་འོག་མའི་ནང་། ༠༢།༠༡།༢༠༢༢
Reuters

ཕྱི་ཟླ་གཉིས་པའི་ཚེས་༡་ཉིན་ཉི་ཧོང་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པར་དམིགས་ནས་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་པ་དང་ཆབས་ཅིག་ཉི་ཧོང་གཞུང་འཛིན་ཚོགས་པས་རྒྱ་ནག་ནང་དགུན་དུས་རྒྱལ་སྤྱིའི་ ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་གོ་སྐབས་བཟུང་ནས་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་འགྲོ་ཐབས་ཐད་སྐུལ་མ་གནང་དགོས་པའི་ལམ་སྟོན་གནང་འདུག
སྤྱིར་ཉི་ཧོང་གི་ཕྱི་འབྲེལ་ལས་དོན་སྤེལ་སྐབས་ཡུལ་གྲུ་གཞན་དང་ལྷག་པར་དུ་རྒྱ་ནག་ནང་གི་གནད་དོན་སྐོར་གླེང་སློང་དེ་ཙམ་བྱེད་ལུགས་མེད་ལ། ཉི་ཧོང་གྲོས་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བགྲོ་གླེང་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ནི་ཛ་དྲག་ཅན་ཞིག་ཡིན་པ་སོགས་ཀྱི་གྲོས་ཆོད་ནི་ཆེས་དཀོན་པོ་ཡིན་སྟབས། ཁ་སང་ཉི་ཧོང་གྲོས་ཚོགས་འོག་མས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་འབྲེལ་ནས་གྲོས་ཆོད་བཞག་པ་དེ་ནི་གནད་འགག་ཅན་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། སྔ་ལོ་ཕྱི་ཟླ་བཅུ་པའི་ནང་སྐུ་ཞབས་(Kishida)་ཡིས་ཉི་ཧོང་གི་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས། ཉི་ཧོང་གཞུང་གིས་དགོས་ངེས་བྱུང་ཚེ་རྒྱ་ནག་ལ་སྐྱོན་བརྗོད་མི་བྱེད་པར་སྡོད་རྒྱུ་མིན་གསུངས་ཡོད་ལ། དེ་བཞིན་ཕྱི་ཟླ་ ༡༡ པའི་ནང་ཉི་ཧོང་གི་བདེ་སྲུང་བློན་ཆེན་ཟུར་པ་དམག་སྤྱི་ ན་ཀ་ཏ་ནི་ལགས་ཆེད་མངགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་དུ་བསྐོ་བཞག་གནང་ཡོད་པ་རེད།

ད་རེས་ཉི་ཧོང་གྲོས་ཚོགས་འོག་མས་བཞག་པའི་གྲོས་ཆོད་དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་ཤིན་ཅིང་དང་བོད། ཧོང་ཀོང་ནང་མི་གང་བྱུང་འཛིན་བཟུང་བྱེད་བཞིན་པ་དང་། ས་གནས་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་འཚབ་བྱེད་བཞིན་པ་གསལ་བཏོན་གྱིས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་རྒྱལ་ནང་གཅིག་པུའི་གནད་དོན་མིན་པར། དེ་ནི་ཀུན་ཁྱབ་ཀྱི་རིན་ཐང་ཞིག་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོངས་ཀྱིས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་གྲོས་ཆོད་ཀྱི་འབྲུ་དོན་ནང་བཀོད་འདུག
གྲོས་ཆོད་ནང་ད་དུང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེའི་གནས་བབས་དང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཉེན་ཚབས་བཟོ་བའི་རང་བཞིན་ཞིག་ཏུ་ངོས་འཛིན་གྱིས་ད་ལྟའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ནུས་པ་ལྡན་པའི་ཐོག་ནས་འགྱུར་བ་གཏོང་དགོས་ལུགས་གྲོས་ཚོགས་ཀྱིས་ཉི་ཧོང་སྲིད་གཞུང་ལ་ལམ་སྟོན་གནང་འདུག
ཨ་རི་གཙོ་བོར་བྱས་པའི་ནུབ་ཕྱོགས་དམངས་གཙོའི་ཡུལ་གྲུ་ཁག་ཅིག་གིས་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་པར་ཐུགས་ཚབས་ཀྱིས་རིང་མིན་ཉིན་ཤས་ནང་ཚོགས་རྒྱུའི་པེ་ཅིན་དགུན་དུས་རྒྱལ་སྤྱིའི་ཨོ་ལེམ་ཕིག་རྩེད་འགྲན་དུ་ཕྱི་འབྲེལ་སྐུ་ཚབ་ཆེད་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་ལྟར། ཉི་ཧོང་གཞུང་གིས་ཀྱང་ཨོ་ལེམ་ཕིག་རྩེད་འགྲན་དུ་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་ཕྱིར་བསྒྲགས་གནང་ཡོད་པ་རེད་། དུས་ཡུན་རིང་པོའི་ནང་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་ཚོགས་པའི་ནང་རྒྱ་ནག་ལ་འཛིན་པའི་རྣམ་འགྱུར་ཐད་བསམ་ཚུལ་མི་མཐུན་པ་ཁག་གཉིས་ཡོད་པ་དང་། ཚོགས་པ་དེའི་ནང་གི་ལྟ་བ་མཁྲེགས་བཟུང་གི་ཕྱོགས་ཁག་གིས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་བཟུང་བྱེད་བཞིན་ཡོད་ལ། རྒྱ་ནག་ནི་ཉི་ཧོང་གཞུང་གི་རྒྱལ་སྲུང་གནད་དོན་ཐད་དོ་སྣང་བྱ་ཡུལ་གལ་ཆེ་ཞིག་ཏུ་རྩིས་ཀྱི་ཡོད་པ་རེད། འོན་ཀྱང་གཞུང་འཛིན་ཚོགས་པའི་ནང་གི་ཚོགས་མི་ཁག་གཅིག་གིས་ཉི་ཧོང་དང་ཁྱིམ་ཚེས་རྒྱ་ནག་དབར་གྱི་དཔལ་འབྱོར་གྱི་འབྲེལ་ལམ་ཤུགས་ཆེ་ཡོད་པ་དེ་སྲུང་སྐྱོབ་ཐུབ་རྒྱུར་འབད་རྩོན་བྱེད་ཀྱི་ཡོད་པ་རེད་། ཉི་ཧོང་གྲོས་ཚོགས་འོག་མས་བཞག་པའི་གྲོས་ཆོད་དེའི་ནང་རྒྱ་ནག་དམིགས་སུ་མིང་འདོན་བྱས་མེད་ན་ཡང་ཤུགས་ལ་རྒྱ་ནག་གསལ་པོར་བཏོན་ཡོད་པ་རེད།
ཉི་ཧོང་གྲོས་ཚོགས་ཀྱིས་གྲོས་ཆོད་དེ་བཞག་རྗེས་གཟའ་མིག་དམར་མཚན་མོ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ལན་འདེབས་གསལ་བསྒྲགས་ཤིག་བྱས་འདུག་པ་དེའི་ནང་། གྲོས་ཆོད་དེས་བདེན་པར་རྩིས་མེད་བཏང་པ་དང་། ཆེད་མངགས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ངན་སེམས་བཅང་ནས་དཀྲོག་གཏམ་སྤེལ་བ། རྒྱལ་སྤྱིའི་ཁྲིམས་ལུགས་དང་ཚབས་ཆེའི་འགལ་འཛོལ་བྱེད་པའི་ཐོག་རྒྱལ་སྤྱིའི་འབྲེལ་ལམ་རང་བཞིན་གྱི་སྲོལ་ལུགས་དང་འགལ་བ། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་རག་པ་བྱེད་པ་ཞིག་ཡིན་པར་མ་ཟད། ཆེད་སྐྱུག་དྲོའི་རང་བཞིན་ཞིག་ཡིན་པ་སོགས་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎