རྫ་དབོན་པོ་དགོན་དུ་རིས་མེད་ཆོས་བརྒྱུད་ཀྱི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་འཚོགས་བཞིན་འདུག
བོད་ནང་ལོ་ལྟར་ས་ཁུལ་འདྲ་མིན་ནང་འཇང་དགུན་ཆོས་ཞེས་དགོན་སྡེ་ཁག་ཏུ་དགེ་འདུན་པ་མང་པོ་འདུས་ཏེ་གཞུང་ཆེན་ཁག་ལ་བགྲོ་གླེང་བྱེད་བཞིན་པའི་སྲོལ་ཞིག་དར་ཡོད་པ་བཞིན། འདི་ལོའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་བཞིན་ཕྱི་ཟླ་༧ཚེས་༡༧ཉིན་ནས་བཟུང་རྫ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་དགོན་དུ་ཚོགས་བཞིན་ཡོད་པ་དང་། འདི་ལོའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོར་བོད་ནང་གི་དགོན་སྡེ་ཁག་འདྲ་མིན་ནས་དགེ་འདུན་པ་སྟོང་ཕྲག་༢ལྷག་འཛོམས་ཏེ། གཞུང་ཆེན་ཁག་ལ་བགྲོ་གླེང་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། སྔར་ལོ་ལྟ་བུ་ཡིན་ན་རྒྱ་ནག་གཞུང་གིས་འཇང་དགུན་ཆོས་ཚོགས་རྒྱུར་མངོན་ལྐོག་གཉིས་ནས་དམ་དྲག་དང་ཚོད་འཛིན་བྱས་ཡོད་ཀྱང་། འདི་ལོ་ད་སྔ་དམ་དྲག་རིགས་བྱུང་གི་མེད་ན་ཡང་། ད་ལྟའི་ཆར་མདོ་སྨད་ཀྱི་བླ་བྲང་དང་གཙོད་ཕྱོགས་སུ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་བྱུང་གི་ཡོད་པས། དགེ་འདུན་པ་མང་པོ་ཞིག་འཇང་དགུན་ཆོས་ལ་བཅར་མི་ཐུབ་པའི་དཀའ་ངལ་བྱུང་གི་ཡོད་ན་ཡང་། འཇང་དགུན་ཆོས་ཚོགས་བཅུག་བཞིན་ཡོད་འདུག་ལ། ཐེངས་འདིའི་འཇང་དགུན་ཆོས་སྟེང་དགོན་པ་གྲྭ་ཚང་དང་ཆོས་བརྒྱུད་ཚང་མ་རིས་མེད་ཀྱིས་ཞུགས་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་འཇང་དགུན་ཆོས་ཞེས་པ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་གསུམ་གྱི་སྣེ་ཁྲིད་འོག་ལྷ་སའི་ནུབ་ཕྱོགས་ཆུ་ཤུར་རྫོང་ཁོངས་འཇང་གྲོང་ཚོའི་ཕུར་འཇང་དགོན་པར་ལོ་ལྟར་ཚོགས་སྲོལ་ཡོད་པའི་གཞུང་ཆེན་བགྲོ་གླེང་འདུ་ཚོགས་ཤིག་ཡིན་པ་དང་། སྐབས་དེར་ལྷ་སའི་ཉེ་འཁོར་གྱི་དགོན་པ་གྲྭ་ཚང་ཁག་གི་དགེ་འདུན་པ་སྟོང་ཕྲག་བརྒལ་བས་གཞུང་ཆེན་ཁག་ལ་བརྒལ་བརྟག་གསན་བཞེས་རྒྱ་ཆེན་མཛད་བཞིན་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པས་ཐེངས་འདིར་དབོན་པོ་དགོན་དུ་དགེ་འདུན་པ་མང་པོ་འདུ་འཛོམས་དང་འབྲེལ། དགོན་པའི་ངོས་ནས་གོ་སྒྲིག་འོག་རྒྱབ་རིའི་ངོས་སུ་གུར་ཕུབ་སྟེ་གྲ་སྒྲིག་རྒྱ་ཆེན་པོ་བྱས་སྐོར་བརྗོད་བྱུང་།
འཇང་དགུན་ཆོས་ནི་ལོ་རྒྱུས་རིང་ལྡན་པའི་གདན་ས་གསུམ་གྱི་ཕྱག་སྲོལ་རྒྱ་ཆེན་པོ་ཞིག་ཡིན་པ་དང་། ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ནང་ཚོགས་སྲོལ་ཡོད་པ་ཞིག་དང་། སྐབས་དེར་དབུས་ཁུལ་དུ་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་སེ་འབྲས་དགའ་གསུམ་དང་། སྙེ་ཐང་རྭ་སྟོད།མངའ་རིས་གྲྭ་ཚང་སོགས་ནས་དགེ་འདུན་པ་འདུ་འཛོམས་ཡོང་གི་ཡོད་པ་དང་། རྗེས་སུ་རིམ་པས་མདོ་སྟོད་སྨད་གཉིས་སུ་དར་ཁྱབ་ཕྱིན་པ་དང་འབྲེལ་སྔར་གྱི་འཇང་དགུན་ཆོས་ཞེས་པའི་ཕྱག་ལེན་སྔར་རྒྱུན་བཞིན་བྱས་ཏེ། སྐབས་དེའི་རྩོད་གཞུང་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གཙོ་བོ་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།