རྒྱ་གར་གྱི་སློབ་གྲྭ་ཆེན་མོའི་སློབ་མ་ཁག་ཅིག་རྡ་སར་ཉམས་ཞིབ།
2008.10.24
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་སྙན་གྲགས་ཆེ་བའི་ཇཱ་མི་ཡ་མི་ལ་ཨིསི་ལ་མི་ཡ་ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་གསར་འགོད་པའི་སློབ་ཕྲུག་ཁག་ཅིག་རྡ་རམ་ས་ལར་བོད་དོན་ཉམས་ཞིབ་གནང་ཆེད་ཉིན་གསུམ་གྱི་གཟིགས་སྐོར་དུ་ཕེབས་ཡོད་པ་དེ་ལེགས་གྲུབ་ཟིན་ཏེ་རིང་མིན་ཟླ་བ་འདིའི་ཚེས་ཉི་ཤུ་བདུན་ཉིན་ལྡི་ལིར་ཚོགས་རྒྱུའི་ཤེས་ཡོན་དུས་སྟོན་སྐབས་ཁོང་རྣམ་པས་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་རེད་བཞག དེ་ཡང་ཧིན་བོད་མཐུན་འགྲིག་ལས་ཁང་གི་གོ་སྒྲིག་གནང་ཐོག་ཇཱ་མི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བརྙན་འཕྲིན་དང་རླུང་འཕྲིན།གསར་ཤོག་སོགས་ཀྱི་གསར་འགོད་པའི་སློབ་ཕྲུག་ཉི་ཤུ་རྩེ་གཉིས་དང་འཕྲུལ་གཏོང་ལས་བྱེད་གཉིས་དེ་བཞིན་སློབ་དཔོན་གཉིས་བཅས་རྡ་རམ་ས་ལར་ཕེབས་ཏེ་བཙན་བྱོལ་གཞུང་གི་བསྟི་གནས་དང་ཤེས་ཡོན་བསྟི་གནས་ཁག་དེ་བཞིན་དགོན་སྡེ་ཁག་དང་བོད་གཞུང་ཟློས་གར་ཚོགས་པ་སོགས་སུ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་གྲ་པ་ཨ་ཎི་དང་མི་མང་དཀྱུས་མ་སོགས་མང་པོ་ཞིག་དང་ལྷན་དུའང་ཐུགས་འཕྲད་བྱས་ཏེ་ཤེས་ཡོན་དང་རིག་གཞུང་བོད་དོན་སོགས་ཀྱི་ཐད་བསམ་ཚུལ་བསྡུ་ལེན་དང་ཉམས་ཞིབ་གནང་ཡོད་འདུག མཐོ་སློབ་སློབ་ཕྲུག་དེ་དག་གིས་ཉམས་ཞིབ་བྱས་པའི་ལས་གཞི་ཁག་ཅིག་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་ཐོག་རྒྱང་བསྲིང་གནང་རྒྱུ་ཡིན་པ་དང་ཁག་ཅིག་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་སློབ་ཕྲུག་ཚོའི་ཆེད་བེད་སྤྱོད་བྱེད་རྒྱུ་ཡིན་འདུག གསར་འགོད་པའི་སློབ་ཕྲུག་གི་རྡ་རམ་ས་ལའི་གཟིགས་སྐོར་དེ་བཞིན་གོ་སྒྲིག་གནང་མཁན་རྒྱ་བོད་མཐུན་འགྲིག་གི་འབྲེལ་མཐུད་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཤེས་ཡོན་གཟིགས་སྐོར་དེ་བཞིན་གོ་སྒྲིག་གནང་དགོས་དོན་ནི་མ་འོངས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཕྱག་ལས་གནང་མཁན་རྣམས་ལ་ད་ལྟ་ནས་བོད་དོན་གོ་རྟོགས་སྤེལ་ཆེད་ཡིན་ཞེས་གསུང་བཞག