རྒྱ་གར་གྱིས་དུག་རླངས་ཉུང་དུ་གཏོང་རྒྱུའི་ཁས་ལེན་ལ་སྐྱོན་བརྗོད།
2009.12.07
༄༅༎རྒྱ་གར་གཞུང་གིས་བདུན་སྔོན་མ་དེར་ཡུལ་ནང་དུག་རླངས་ཉུང་དུ་གཏོང་རྒྱུའི་ཁས་ལེན་གནང་བ་དེར་ཕྱོགས་འགལ་སྲིད་དོན་ཚོགས་པ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད་ བདུན་སྔོན་མ་དེར་རྒྱ་གར་གྱི་འཁོར་ཡུག་བློན་ཆེན་ཇའེ་རཱམ་ར་མེཤ་མཆོག་གིས་ཕྱི་ལོ་ཉིས་སྟོང་ལྔ་དང་བསྡུར་ན་རྒྱ་གར་གྱིས་ཕྱི་ལོ་ཉིས་སྟོང་ཉི་ཤུ་ཚུན་མཁའ་དབྱིང་ལ་དུག་རླངས་གཏོང་རྒྱུའི་ཚད་དེ་བརྒྱ་ཆ་ཉི་ཤུ་ནས་ཉི་ཤུ་རྩ་ལྔ་བར་གཅོག་བྱ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད་ འཁོར་ཡུག་བློན་ཆེན་མཆོག་གི་ཁས་ལེན་དེ་རེས་གཟའ་ཟླ་བ་ཉིན་ཚོགས་གནང་བའི་གྲན་མཀ་ཀྱི་རྒྱལ་ས་ཀོ་ཕེན་ཧེ་གེན་ནང་རྒྱལ་སྤྱིའི་འཁོར་ཡུག་གི་ལྷན་ཚོགས་དེ་ཚོགས་ལ་ཉེ་བའི་སྐབས་ཁས་ལེན་གནང་ཡོད་པ་དང་དེར་རྒྱ་གར་ནང་ཁོང་ལ་སྐྱོན་བརྗོད་གནང་མཁན་མང་པོ་བྱུང་ཡོད་པ་རེད་ རྒྱ་གར་གྱི་ཕྱོགས་འགལ་བཱ་ར་ཏི་ཡ་ཇ་ན་ཏ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུན་ཇེཏ་ལི་ཡིས་རྒྱ་གར་གཞུང་ཕྱོགས་ཀྱི་གནང་བབ་དེ་ཐབས་བྱུས་ནོར་བ་ཞིག་དང་རྒྱ་གར་གྱི་གཞི་རྩའི་ལངས་ཕྱོགས་དེར་འགྱུར་བ་བཏང་བའི་སྐྱོན་བརྗོད་གནང་ཡོད་པ་རེད་ ཡིན་ནའང་འཁོར་ཡུག་བློན་ཆེན་ཇའེ་རཱམ་ར་མེཤ་མཆོག་གིས་གོང་ཞུས་ཀྱི་སྐྱོན་བརྗོད་དེར་ཁས་ལེན་གནང་མེད་པ་མ་ཟད་རྒྱ་གར་རྒྱལ་ཁབ་ཀྱི་ཁེ་ཕན་བློས་བཏང་མེད་སྐོར་གཏམ་བཤད་གནང་ཡོད་པ་རེད་ དེ་སྔོན་རྒྱ་གར་གྱིས་ཡུལ་ནང་དུག་རླངས་ཉུང་དུ་གཏོང་རྒྱུའི་ཁས་ལེན་གནང་མེད་པ་མ་ཟད་འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་ཡུལ་ལ་འཁོར་ཡུག་སྲུང་སྐྱོབ་ཐོག་དངུལ་གྱི་རོགས་རམ་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་ ཡིན་ནའང་ཉེ་ལམ་ཨ་རི་དང་རྒྱ་ནག་གིས་དུག་རླངས་ཉུང་དུ་གཏོང་རྒྱུའི་ངེས་གཏན་བརྒྱ་ཆ་གསལ་བཏོན་གནང་རྗེས་རྒྱ་གར་ངོས་ནས་ཀྱང་དེ་ལྟར་གནང་དགོས་པའི་གནོན་ཤུགས་ཕོག་ཡོད་པ་རེད་