༸གོང་ས་མཆོག་ལ་ཨི་ཀྲ་ལིའི་ཇེལ་སི་གྲོང་ཁྱེར་གྱི་གཟེངས་རྟཌ།
2010.07.30
༄༅༎ཨི་ཀྲ་ལིའི་ཇེལ་སི་གྲོང་ཁྱེར་གྱི་ལོ་འཁོར་རྒྱལ་སྤྱིའི་གཟེངས་རྟགས་ཞེས་པ་དེ་འདི་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་ཡོད་པ་རེད་
དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཨི་ཀྲ་ལིའི་གྲོང་ཁྱེར་ཇེལ་སི་གྱི་ལོ་འཁོར་རྒྱལ་སྤྱིའི་གཟེངས་རྟགས་དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་སྙིང་རྗེ་དང་བརྩེ་བ་ བཟོད་བསྲན་བཅས་བཟང་པོའི་བསླབ་བྱ་དེ་དག་གོང་འཕེལ་གཏོང་ཐབས་ཀྱི་མཛད་འབྱེད་ལ་ངོས་ལེན་དང་རྒྱབ་སྐྱོར་མཚན་ཆེད་དུ་འབུལ་བཞེས་གནང་བ་ཞིག་ཡིན་པ་དང་ གཟེངས་རྟགས་དེ་ཇི་ནི་ལྦར་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་བསྐྱབ་པ་ནས་བཞེས་གནང་ཡོད་ཅིང་ དེའི་སྐབས་ སྐུ་ཚབ་དོན་གཅོད་ཀྱིས་ ཨི་ཀྲ་ལིའི་གྲོང་ཁྱེར་ཆུང་ཆུང་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འབྱེད་ལ་ངོས་ལེན་དང་རྒྱབ་སྐྱོར་གནང་ཡོད་པ་མ་ཟད་ བོད་མིི་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གནང་བར་ང་རང་ཧ་ཅང་དགའ་ཚོར་དང་བློ་སྤོབས་སྐྱེས་བྱུང་ཞེས་གསུང་ཡོད་པ་རེད་
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ས་གནས་དེའི་ལོ་ལྟར་ཚུགས་རྒྱུའི་Festa del Granoཞེས་པའི་དུས་ཆེན་དང་སྟབས་བསྟུན་ནས་གོ་སྒྲིག་གནང་ཡོད་པ་རེད་ དུས་ཆེན་གྱི་ཉིན་དང་པོར་ས་གནས་དྲ་མིན་ནས་མ་གྲངས་ཁྲི་གཉིས་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང་དུས་ཆེན་ཐོག་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲ་ཚང་གི་དགེ་འདུན་པ་བཞིས་རྡུལ་ཚོན་དཀྱིལ་འཁོར་བཞེངས་པ་དང་སྦྲགས་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་གསུང་འདོན་ཡང་གནང་ཡོད་པ་རེད་
ཨི་ཀྲ་ལིའི་གྲོང་ཁྱེར་ཇེལ་སི་ཡི་སྤྱི་ཁྱབ་མི་ཤེལ་ཨའོ་རི་ཡོ་ཡིས་ཕྱི་ཚེས་༢༨ཉིན་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་དང་ལྷན་དུ་སྤྱི་ཁྱབ་ཀྱི་གཞུང་ལས་ཁང་དུ་མཇལ་འཕྲད་གནང་བའི་སྐབས་གསུང་ན་ ༧གོང་ས་ཏ་ལའི་བླ་མ་མཆོག་གིས་ཞི་བདེ་དང་འཚེ་བ་མེད་པའི་དབུ་མའི་ཐུགས་བཞེས་དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་འཛམ་གླིང་སྤྱི་ཚོགས་དེར་གལ་འགངས་ཆེན་པོ་ཞིག་ཡིན་པ་དང་ སྤྱི་ཁྱབ་ཁོང་གིས་༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཕྱིར་ལམ་དབུ་མའི་ཐབས་ལམ་ཐོག་ནས་བོད་ལ་དོན་དང་ལྡན་པའི་རང་སྐྱོང་གི་ཐོབ་ཐང་སྐྲུན་ཐབས་ལ་རྒྱབ་སྐྱོར་ལྷད་མེད་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད་