༸གོང་ས་མཆོག་ལ་མཚན་དམས་གཏམ་བཤད་ཞིབ་འཇུག་གནང་རྒྱུ།
2008.06.25
༄༅༎རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་ཉེ་ཆར་བོད་ནང་དཔལ་འབར་སྐོར་སྐྱོད་སྐབས་༸གོང་ས་མཆོག་ལ་མཚན་དམས་ཞུ་བའི་གཏམ་བཤད་སྤེལ་བའི་ཐོག་ཞིབ་འཇུག་གནང་རྒྱུ་ཡིན་འདུག།
རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་དྲིལ་བསྒྲགས་ལས་དོན་ཚན་པའི་འགན་འཛིན་གཱི་སིལ་ དྲེ་ལྦིས་ཀྱིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་ཉེ་ཆར་བོད་ནང་ཨོ་ལིམ་པིག་གི་དཔལ་འབར་བསྐོར་སྐྱོད་བྱས་པའི་སྐབས་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཀྲང་ཆིང་ལིས་གཏམ་བཤད་སྤེལ་བའི་ནང་དོན་རྒྱལ་སྤྱིའི་ཚོགས་ཆུང་ལ་ཕུལ་དགོས་ལུགས་གསུངས་ཡོད་པ་དང༌། གལ་སྲིད་སྐབས་དེར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་ལྟར་གཏམ་བཤད་སྤེལ་ཡོད་པ་ཡིན་ན་ཧ་ཅང་བློ་འཚབ་སྐྱེས་དགོས་པ་ཞིག་རེད་ཅེས་གསུངས་ཡོད་འདུག།
བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ལྷ་སའི་ནང་དཔལ་འབར་བསྐོར་སྐྱོད་ཀྱི་དབུ་འབྱེད་མཛད་སྒོ་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་ཐོག་ཚུགས་པའི་སྐབས། བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཀྲང་ཆིང་ལིས་གཏམ་བཤད་སྤེལ་བའི་ནང༌། བོད་ཀྱི་གནམ་འདིའི་ཐོག་སྐར་མ་ལྔ་ལྡན་གྱི་དར་ཆ་དེ་བཞིན་མཐོན་པོའི་ཐོག་ནས་འཕྱར་ཡོད་རེད་ལ་དེ་དག་ནམ་ཡང་འགྱུར་བ་ཐེངས་ཀྱི་མ་རེད་ལ་ ང་ཚོས་ཏཱ་ལའི་བླ་མའི་ཤོག་ཁག་གི་ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་པ་དེ་རྩ་མེད་ངེས་པར་དུ་བཟོ་ཐུབ་ཀྱི་རེད་ཅེས་གཏམ་བཤད་སྤེལ་ ཡོད་ལུགས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོད་ཀྱང་རྒྱ་ནག་གཞུང་ནས་འདོན་སྤེལ་བྱེད་བཞིན་པའི་དྲ་རྒྱའི་ཞིབ་འཇུག་བྱེད་པའི་སྐབས་ཚིག་འབྲུ་དེ་དག་ནག་སུབ་བཏང་ཡོད་འདུག། དེ་དང་ཕྱོགས་མཚུངས་ལྷ་སའི་གུང་བྲན་ཏང་གི་འགོ་འཁྲིད་ཆིན་ ཡི་ཀྲིས་ཀྱང་མཛད་སྒོའི་སྐབས་༸གོང་ས་མཆོག་ལ་མཚན་དམས་ཞུས་ཡོད་པ་རེད།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་ཚོགས་རྒྱུ་ཕྱིར་འཐེན་གནང་མི་སྲིད་ཀྱང་ད་རེས་རྒྱ་མིའི་འགོ་འཁྲིད་ཚོས་རྩེད་འགྲན་གྱི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་བའི་ནང་དོན་ལ་ཐུགས་འཚབ་ཡོད་པའི་རྣམ་པ་བསྟན་ནས་ཞིབ་འཇུག་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།