རྒྱ་ནག་གཞུང་གིས་བདེ་ཆེན་ཁུལ་དུ་བོད་རིགས་མཐོ་རིམ་ལས་བྱེད་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་ཞིབ་བཤེར་དང་ཏང་ཡོན་ལས་བྱེད་ཚོར་ཆོས་བྱེད་མི་ཆོག་དང་ཆོས་དང་འབྲེལ་འདྲིས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2024.10.04
རྒྱ་ནག་གཞུང་གིས་བདེ་ཆེན་ཁུལ་དུ་བོད་རིགས་མཐོ་རིམ་ལས་བྱེད་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་ཞིབ་བཤེར་དང་ཏང་ཡོན་ལས་བྱེད་ཚོར་ཆོས་བྱེད་མི་ཆོག་དང་ཆོས་དང་འབྲེལ་འདྲིས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གི་བོད་རིགས་དཔོན་རིགས་ལ་ཞིབ་བཤེར་བྱེད་བཞིན་པ་ཁག་ཅིག
ICT

ཕྱི་ཟླ་ ༩ ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་བོད་རིགས་ཡིན་པ་སྐལ་བཟང་རྣམ་རྒྱལ་ཞེས་པ་ཞིག་ལ། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ཡུན་ནན་ཞིང་ཆེན་སྒྲིག་ཁྲིམས་ལྟ་བཤེར་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་ཡོད་པ་མ་ཟད། དེ་མིན་བོད་རིགས་ལས་བྱེད་ཁག་ཅིག་ལ་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་ཡོད་པ་དང་། སྐལ་བཟང་རྣམ་རྒྱལ་ལགས་ཀྱི་གནད་དོན་དེ་ལྐོག་ཟ་རུལ་སུངས་ཡིན་མིན་ཤེས་རྟོགས་མི་ཐུབ་ན་ཡང་། དེང་སྐབས་ཡུན་ནན་ཁུལ་དུ་འགོ་ཁྲིད་ཚོར་ཏང་གི་སློབ་གསོ་ཟབ་སྦྱོང་སྤྲོད་པ་དང་། དམར་ཤོག་ཚོགས་པའི་ལས་བྱེད་ཚོས་ཆོས་ལུགས་ཀྱི་ལས་དོན་ནང་ཞུགས་པ་དང་། ཆོས་དང་འབྲེལ་འདྲིས་བྱེད་མི་ཆོག་པའི་དམ་དྲག་ཤུགས་ཆེན་པོ་ཡིན་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱི་དྲ་རྒྱའི་སྟེང་། བོད་རིགས་ལས་བྱེད་སྐལ་བཟང་རྣམ་རྒྱལ་ཞེས་པས། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ད་ཆ་ཡུན་ནན་ཞིང་ཆེན་སྒྲིག་ཁྲིམས་ལྟ་ཞིབ་དང་ཞིབ་བཤེར་ལས་ཁུངས་ཟེར་བས། ཁོང་གི་གནད་དོན་ཐད་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་སྐོར་བཀོད་པ་ལས། སྒྲིག་འགལ་ཁྲིམས་འགལ་ག་རེ་བྱས་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། སྤྱིར་འདས་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ན། བོད་རིགས་ལས་བྱེད་ཚོས་ལྐོག་ཟ་རུལ་སུངས་བྱས་པ་ཡིན་ན་ཡང་། རྒྱ་ནག་གཞུང་གིས་དམིགས་བསལ་རྒྱ་རིགས་ཚོ་ནང་བཞིན་འཇུ་བཟུང་རིགས་མི་བྱེད་པར། ལྐོག་ཟ་རུལ་སུངས་བྱས་པ་ཡིན་ན་ཡང་གོ་སྐབས་དེ་སྤྱད་ནས་བོད་རིགས་དེ་དག་ལ་རྒྱ་ནག་གཞུང་གི་འདོད་མོས་བཞིན་བེད་སྤྱོད་གཏོང་གི་ཡོད་པ་རེད་ལ། ཐེངས་འདིར་ཡུན་ནན་ནས་འཇུས་པའི་འགོ་ཁྲིད་དེ་དག་ལྐོག་ས་རུལ་སུངས་ཀྱི་གནད་དོན་མིན་པར་རྒྱ་ནག་གཞུང་གི་བཀོད་མངགས་བཞིན་བོད་རིགས་ཐོག་ལས་ཀ་མ་བྱས་པའི་དོགས་གཞི་ཡོད་པ་གསུངས་སོང་།

གཞན་ཡང་རྒྱ་ནག་གཞུང་གིས་ཡུན་ནན་ཁུལ་དུ་བོད་རིགས་འགོ་ཁྲིད་བདེ་ཆེན་ཁུལ་རྒྱུན་ལས་དང་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཛིན་བཀྲ་ཤིས་དོན་གྲུབ། ཡུན་ནན་ཞིང་ཆེན་སྲིད་གཞུང་གི་རྒྱུ་ལས་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཟུར་པ་ཀྲང་ཙུའུ་ལིན། ཡུན་ནན་ཞིང་ཆེན་བདེ་ཆེན་རང་སྐྱོང་ཁུལ་གྱི་སྲིད་གཞུང་གི་རྒྱུན་ལས་འགོ་གཙོ་གཞོན་པ་བྱང་ཆུབ། དེ་སྔའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ (Qi Jianxin) སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བརྟག་དཔྱད་བྱེད་བཞིན་པ་བཀོད་འདུག་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། བོད་རིགས་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་ལྐོག་ཟ་རུང་སུངས་ཀྱི་བྱ་སྤྱོད་ཐད་རྟོག་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གནད་དོན་འདིའི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་སྔར་བཞིན་ཚབས་ཆེན་ཡིན་པ་དང་། ཡང་ན་ཆབ་སྲིད་བརྟན་བརླིང་མིན་པའི་སྣང་ཚུལ་མཚོན་གྱི་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཀོད་འདུག

རྒྱ་ནག་གི་ (Sina) དཔལ་འབྱོར་དྲ་ཚིགས་སུ་གནས་ཚུལ་སྤེལ་བར་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་གཏིང་ཟབ་སྤེལ་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༢༤ ལོ་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ ༡༧ ནས་རང་འགུལ་གྱི་མགོ་བཏགས་པ་ལྟར་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག་ལ། བོད་རིགས་འགོ་ཁྲིད་བདེ་ཆེན་ཁུལ་རྒྱུན་ལས་དང་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཛིན་བཀྲ་ཤིས་དོན་གྲུབ་གཙོས། སྒྲིག་འགལ་གྱི་འགོ་ཁྲིད་ཚང་མས་རང་འགུལ་ངང་རང་ཉེས་ངོས་ལེན་བྱས་ཡོད་པ་བཀོད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ལྟ་བཤེར་ལས་ཁུངས་ཟེར་བའི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ནང་། ཕྱི་ཟླ་ ༩ གཅིག་པུའི་ནང་་རྒྱ་ནག་རྒྱལ་ཡོངས་སུ་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་ལས་བྱེད་མི་གྲངས་ ༣༦ ལྷག་ལ་ཞིབ་བཤེར་བརྟག་དཔྱད་བྱས་ཡོད་པ་སོགས་བཀོད་འདུག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན་པ་དང་། སྤྱི་ལོ་༢༠༢༢ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་ལྟར་ན། ཁུལ་དེར་རྒྱུན་སྡོད་མི་གྲངས་ཁྲི་༣༩ལྷག་ཡོད་པའི་ཁོངས་སུ། བོད་མི་ཁྲི་༡༣ལྷག་ཡོད་ཅིང་། མི་འབོར་ཡོངས་ཀྱི་བརྒྱ་ཆའི་༣༦ལྷག་ཟིན་གྱི་ཡོད་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྒྱ་ནག་གི་བརྗོད་པའི་གྲངས་ཉུང་མི་རིགས་གཞན་མང་པོ་ཞིག་ཀྱང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎