དམངས་གཙོ་དང་བོད་ཅེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོཌ་འདུ།
2011.12.27
༄༅༎ཐེ་ལྦན་བོད་རིགས་ཚོགས་པ་དང༌། ཐེ་ལྦན་བོད་རྒྱ་མཐུན་ཚོགས་མཉམ་འབྲེལ་གྱི་ཐོག་ནས་གོ་བསྒྲིགས་ཞུས་པའི་ཚོགས་འདུ་དེ་ཕྱི་ཟླ་ ༡༢ ཚེས་ ༢༤ ནས་ ༢༦ ཐེ་ལྦན་གྱི་རྒྱལ་ས་ཏཡེ་པེར་ཚུགས་འདུག་ཅིང༌། བགྲོ་གླེང་གི་ཚོགས་འདུ་འདིའི་ནང་ཨ་མི་རི་ཀ་དང་ རྒྱ་གར་ ཕེརན་སི་ ཧོང་ཀོང་ རྒྱ་ནག་སྐམ་ས་ཆེན་པོ་དང་ ཐེ་ལྦན་སོགས་ནས་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་དང་ ཉམས་ཞིབ་པ་ སློབ་ཕྲུག་སོགས་མི་གྲངས་བཞི་བཅུ་བརྒལ་བ་མཉམ་ཞུགས་བྱས་ཡོད་པ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་འདུག།
ཚོགས་འདུའི་དབུ་འབྱེད་སྐབས་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཡོད་སྐོར་འཁོད་འདུག་ཀྱང་གསུང་འཕྲིན་གྱི་ནང་དོན་གང་ཡང་ཕྱིར་བསྒྲགས་གནང་མིན་འདུག།
ཐེ་ལྦན་གྱི་རྒྱལ་ས་ཐཡེ་པེར་བཅའ་ཞུགས་ཐེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་པ་སངས་རྒྱས་སྐྱབས་ལགས་ དེ་བཞིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་སོགས་ཀྱང་བགྲོ་གླེང་གི་ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་འདུག་ཅིང༌། ཚོགས་འདུའི་ཐོག་ཐེ་ལྦན་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་སློབ་ཕྲུག་ཞིག་ཀྱང་ཟུར་ཉན་དུ་སླེབས་འདུག་པ་དང༌། སློབ་ཕྲུག་དེས་རྣམ་ཀུན་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ནང་དོན་དང་འདྲ་བའི་ཐོག་ནས་ཚོགས་བཅར་བ་ཚོར་ཚིག་རྩུབ་ཀྱི་དྲི་བ་མང་དག་ཅིག་བཏོན་པར་ཚོགས་བཅར་བ་ཚོས་ལན་འདེབས་གསལ་བཤད་གནང་པར་མ་ཟད། གསོལ་ཇའི་བར་གསེང་སྐབས་ཐེ་ལྦན་དུ་བཅའ་སྡོད་བོད་མི་ཁག་ཅིག་གིས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་སློབ་ཕྲུག་དེར་བོད་ནང་གི་དངོས་ཡོད་གནས་སྟངས་དང་ བོད་མིའི་ངོས་ནས་རྒྱ་ནག་མི་དམངས་ཚོར་འཁོན་འཛིན་མེད་པའི་བལྟ་སྟངས་སོགས་འགྲེལ་བརྗོད་ཞིབ་ཕྲ་བྱས་མཐར་ རྒྱ་རིགས་སློབ་ཕྲུག་དེས་བོད་མི་ཁག་ཅིག་ལ་འཐམ་སྟེ་སེམས་འགུལ་ཆེན་པོ་ཐེབས་པའི་གནས་ཚུལ་ཡང་བྱུང་འདུག།