བཀའ་ཁྲི་མཆོག་གིས་བོད་རྒྱ’འི་གནད་དོན་སྐོར་གསུངས་བ།
2009.06.28
༄༅༎བཙན་བྱོལ་བོད་མི་བརྒྱ་ཆ་༩༦ཡིས་འོས་འདེམས་ཞུས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་དང་རྒྱ་ནག་གི་གནད་དོན་དང་འབྲེལ་བའི་སྐོར་ལ་ཁོལོ་དྲི་ཨར་པི་ལགས་ཀྱིས་ཚེས་ཉི་ཤུ་དྲུག་ཉིན་བཅར་འདྲི་ཁག་ཅིག་ཞུས་པ་རྣམས་ཕ་ཡུལ་དྲ་རྒྱའི་ཐོག་འདོན་སྤེལ་གནང་འདུག་པ་བཞིན་བཅར་འདྲི་ཞུས་པ་ནས་གལ་ཆེ་ཁག་ཅིག་ཟུར་བཏོན་ཞུས་ས་ལྟར་ན་ཉེ་དུས་རྒྱ་མིའི་ཁྲིམས་རྩོད་པའི་ཚོགས་པ་ཞིག་གིས་སྔ་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་བྱུང་དགོས་ཀྱི་སྐོར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པ་དེ་བཀའ་བློན་ཁྲི་པ་མཆོག་ནས་ཐུགས་ཞིབ་གནང་རྒྱུ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་བཀའ་བློན་ཁྲི་པ་མཆོག་ནས་སྙན་ཐོ་དེ་བོད་སྐད་དུ་ཕབ་བསྒྱུར་ཞུས་པ་དེ་ལྗགས་ཀློག་གནང་བ་ཡིན་ཞེས་དང་འདས་པའི་ལོ་ངོ་ལྔ་ཅུ་དྲུག་ཅུའི་རིང་བོད་མི་སེམས་སྡུག་གི་རྟགས་མཚན་འགའ་ཤས་བཏོན་ཐུབ་འདུག་ལ་རྒྱ་མིའི་མཁས་པ་ཚོས་ཞིབ་འཇུག་སྙན་ཐོ་དེ་འདྲ་འདོན་སྤེལ་བྱས་པ་ད་རེས་ཐོག་མ་དེ་ཡིན་ཞིང་དངོས་ཡོད་བདེན་པའི་གནས་ཚུལ་བཏོན་ཐབས་དགསོ་པ་གལ་འགངས་ཆེན་པོ་ཡིན་པ་དང་བདེན་པའི་གནས་ཚུལ་ཁག་དྲིལ་བསྒྲགས་རྫུན་མ་བྱས་ནས་སྦས་གསང་ཐུབ་རྒྱུ་མིན་པར་བརྟེན་དམའ་མཐར་ཡང་རྒྱ་མིའི་མཁས་པ་མང་པོ་ཞིག་གིས་ན་ནིང་ནས་བཟུང་བོད་ཀྱི་གནད་དོན་ཐོག་དངོས་ཡོད་གནས་ཚུལ་བཤད་རྒྱུ་འགོ་བཙུགས་ཡོད་པ་དང་དེ་བཞིན་བོད་སྐོར་རྩོམ་ཡིག་མི་འདྲ་བ་༥༩༩ལྷག་ཚགས་པར་ཁག་དང་གནས་འཕྲིན་དྲ་རྒྱ་བརྒྱུད་ནས་འདོན་སྤེལ་བྱས་པ་དེ་ཚོ་ཚང་མས་བདེན་པ་བཤད་པ་མ་ཟད་བོད་རྒྱའི་གནད་དོན་སྐོར་གྱི་བདེན་པའི་གནས་ཚུལ་འཚོལ་ཐབས་བྱས་པ་དེ་ནི་ཧ་ལས་པའི་སྙན་ཐོ་ཡག་པོ་ཡིན་པའི་སྐོར་བཀའ་ལན་གནང་ཡོད་པ་རེད། ཡང་དེ་ནི་རེ་བ་ཡོད་པའི་རྟགས་མཚན་ཞིག་ཡིན་མིན་བཀའ་འདྲི་ཞུས་པར་བཀའ་བློན་ཁྲི་པ་མཆོག་ནས་དེང་སྐབས་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་ད་ཆ་རྒྱ་ནག་མི་མང་གིས་དངོས་ཡོད་བདེན་པའི་གནས་ཚུལ་ག་རེ་ཡིན་མིན་བསམ་བློ་གཏོང་འགོ་བཙུགས་ཡོད་པ་རེད། དུས་ཡུན་རིང་པོའི་བར་མེད་པ་ལྟ་བུར་འགྱུར་བའི་རྒྱ་མིའི་མཁས་པ་ཚོར་ཞེད་སྣང་མེད་པའི་བློ་ཁོག་དང་ཆོད་སེམས་སླར་གསོ་བྱུང་ཡོད་སྐོར་བཀའ་ལན་གནང་འདུག གཞན་ཡང་ཉེ་དུས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་རྒྱ་ནག་ནང་གཟིགས་སྐོར་ཕེབས་པའི་སྐབས་བོད་དོན་གླེང་སློང་གནང་ཡོད་མིན་སྐོར་བཅར་འདྲི་ཞུས་པར་བཀའ་བློན་ཁྲི་པ་མཆོག་གིས་ཁོང་ལ་ཕྱག་སོན་བྱུང་བའི་ཕྱིར་བསྒྲགས་ཤིག་ནང་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བོད་ཅེས་པའི་མིང་ཚིག་ཐེངས་མ་དགུ་བཏོན་གནང་བ་མ་ཟད་ཁོང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཆབ་སྲིད་བཙོན་པ་གློད་འགྲོལ་གཏང་དགོས་པའི་མཚན་གཞུང་ཞིག་རྒྱ་མིའི་དཔོན་རིགས་ཚོར་ཕུལ་ཡོད་པ་རེད། སྤྱིར་ལྕམ་པེ་ལོ་སི་མཆོག་ནས་རྒྱ་ནག་ནང་གཟིགས་སྐོར་ཕེབས་དོན་གཙོ་བོ་ནི་ཁོར་ཡུག་དང་འཛམ་གླིང་ཚ་དྲོད་ཀྱི་གནད་དོན་ཆེད་ཡིན་ལུགས་གསལ་བཤད་གནང་མིན་ལ་མ་ལྟོས་པར་ཁོང་གིས་གཟིགས་སྐོར་གནང་རིང་བོད་དོན་སྐོར་རྒྱ་ནག་གི་དཔོན་རིགས་ཚོར་གླེང་སློང་གནང་ཡོད་པ་བཀའ་ལན་གནང་འདུག།