རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན། རང་རྐྱ་འཕེར་བའི་བོད་པའི་བུད་མེད་གསུམ་གྱི་ལོ་རྒྱུས་ལས་བློ་སྐྱེད་ལེན་པ།

2025.03.08
རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན། རང་རྐྱ་འཕེར་བའི་བོད་པའི་བུད་མེད་གསུམ་གྱི་ལོ་རྒྱུས་ལས་བློ་སྐྱེད་ལེན་པ། བོད་པའི་བུད་མེད་གསུམ་གྱི་པར་རིས། སྒྲིག་བཟོ།
RFA

ལོ་རེའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། ཉིན་མོ་དེར་འཛམ་གླིང་ནང་གི་བྱས་རྗེས་ཅན་གྱི་བུད་མེད་རྣམས་ལ་ཆེ་སྟོད་དྲན་གསོ་དང་། བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་གོང་སྤེལ་སོགས་ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡོང་རྒྱུའི་ཆེད་གོ་རྟོགས་སྤེལ་བཞིན་ཡོད།

ཕྱི་ལོ་ ༡༩༧༧ ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བཞིན་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་བརྩི་ཞུ་འགོ་ཚུགས་ཡོད་པ་རེད། དུས་རབས་ ༢༡ པའི་ནང་སྔར་དང་མི་འདྲ་བར་འཕྲུལ་ཆས་དང་ཚན་རིག་ཡར་ཐོན་ཚད་མཐོ་པོ་ཕྱིན་པའི་ཐོག་མིའི་བསམ་བློའི་ཆུ་ཚད་ཀྱང་ཡར་རྒྱས་ཕྱིན་ཡོད་སྟབས། སྔ་མོ་བཞིན་བུད་མེད་ལ་དམན་པའི་ལྟ་ཚུལ་འཛིན་མཁན་ཇེ་ཉུང་དུ་ཕྱིན་ཡོད་ལ། ཤེས་ཡོན་དང་དཔལ་འབྱོར། ཆབ་སྲིད་སོགས་གང་ཐད་ནས་བུ་མེད་ལ་ཐོབ་ཐང་དང་གོ་སྐབས་ཇེ་མང་དུ་ཕྱིན་ཡོད། དེར་བརྟེན་འཛམ་གླིང་ཁྱོན་ཡོངས་ལ་བུད་མེད་ཀྱི་ནུས་སྟོབས་གོང་ཐོར་དང་། ལས་རིགས་ཚང་མའི་ནང་དུ་བུད་མེད་ཚོས་ཕོ་དང་ཁྱད་པར་མེད་པའི་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་དང་འགན་ཁུར་ཐུབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མངོན་གསལ་ཡིན།་ དེ་བཞིན་རང་རེ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུའང་ལས་རིགས་འདྲ་མིན་ནང་དུ་ནུས་པ་ལྡན་པའི་སྤྱི་ཚོགས་ཞབས་ཞུ་དང་འགན་ཁུར་མཁན་གྱི་བུད་མེད་མང་དག་ཅིག་ཐོན་བཞིན་ཡོད།

བསྟན་འཛིན་ཆོས་སྒྲོན་ལགས་ནི་ད་ལྟའི་ཆར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་ཡི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་སྤྱི་ཡོངས་ཀྱི་ཆ་ནས་སྐྱེས་པ་ཕོ་མོ་གཉིས་ནང་བསམ་བློ་དང་རྣམ་དཔྱོད་ཀྱི་ནུས་པར་ཁྱད་པར་མེད་ཅིང་། ལྷག་པར་དུ་བུད་མེད་རྣམས་ཀྱིས་སྐྱེས་པ་ཕོ་ལས་གཞན་གྱི་བདེ་སྡུག་ལ་ཚོར་ཤེས་ཆེ་བ་དང་།  བྱམས་སེམས་ཆེ་བ་ཡོད་པ་གསུང་གི་འདུག དེ་ཡང་ཁོང་གིས་གསུངས་དོན་ལ། སྤྱིར་བུད་མེད་ཅེས་པའི་ཐ་སྙད་ལ་འགྲེལ་བརྗོད་གནང་ཕྱོགས་འདྲ་མིན་ཡོད་མོད། ཕོ་མོ་བར་གྱི་རྣམ་དཔྱོད་དང་བསམ་བློའི་ནུས་པ་སོགས་ལ་ཁྱད་པར་ཡོད་རེད་བསམ་གྱི་མི་འདུག དེ་བས་བུད་མེད་རྣམ་བྱམས་སེམས་ཆེ་བ་ཡོད།  སྤྱི་ནོར་༸གོང་༸་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ལ་བྱམས་བརྩེའི་སྐོར་སློབ་མཁན་ཐོག་མ་དེ་༸སྐུའི་ཡུམ་ཡིན་པ་བཀའ་གནང་ཡོད་པ་བཞིན། བུད་མེད་ཀྱི་གཤིས་རྒྱུད་ལ་བྱམས་བརྩེ་ལྡན་པས་ཁྱིམ་ཚང་ཞིག་ཚགས་ཚུད་དང་བདེ་སྐྱིད་ལྡན་པ་བྱུང་ནི་ཨ་མའི་བློས་གཏོང་སོགས་ལ་རྟེན་ནས་བྱུང་བ་ཞིག་ཡིན། ལྷག་པར་དུ་གཞི་རིམ་འོག་མའི་སྔོན་འགྲོའི་སློབ་ཕྲུག་རྣམས་ལ་བུད་མེད་དགེ་རྒན་གྱི་བྱམས་བརྩེ་དང་གཅེས་སྐྱོང་སོགས་ཀྱིས་ཕན་ནུས་ཆེ་བ་ཡོང་གི་ཡོད་སྐོར་གསུངས་བྱུང་།

ད་ལྟའི་ཆར་བཞུགས་སྒར་རྡ་རམ་སར་ནོར་སྒྲོན་སྐྲ་བཟོ་ཁང་གི་ཚོང་ལས་གཉེར་བཞིན་པ་བསྟན་འཛིན་ནོར་སྒྲོན་ལགས་ནི། ཆུང་དུས་ཁྲིམས་རྩོད་པ་བྱ་རྒྱུའི་དམིགས་ཡུལ་བཅང་ཡོད་ནའང་། མཐོ་སློབ་འགྲིམས་བཞིན་པའི་སྐབས་རང་ཉིད་ཀྱི་དོ་དབྱིངས་ངོ་མ་རྙེད་དེ་མཛེས་བཟོ་རིག་པར་དོ་སྣང་གིས་ཆེད་སྦྱོང་གནང་འདུག་ཅིང་། སྤྱིར་བཏང་ནས་མོ་རང་གིས་འབྲི་ཀློག་གི་ཤེས་ཡོན་དང་གཅིག་མཚུངས་ལག་ཤེས་ཀྱང་གལ་ཆེན་པོ་ཡིན་པ་ངོ་སྤྲོད་གནང་འདུག་ལ། དམིགས་བསལ་ཁོང་གིས་བུད་མེད་རྣམས་ཀྱིས་གཞན་རྟེན་གྱི་བསམ་བློ་དོར་ནས་སྤྱི་ཚོགས་ནང་རང་ཁ་རང་གསོ་ཡོང་ཐབས་ལ་འབད་རྩོལ་བྱེད་དགོས་པ་གསུང་གི་འདུག ཁོང་གིས་གསུངས་ན། བོད་པའི་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ནུས་པ་དང་ལག་རྩལ་ལ་རྟེན་ནས་འཚོ་བ་རང་སྐྱོངས་ཐུབ་པ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། སོ་སོ་རང་ཉིད་ལ་ཡོད་ཆེས་དང་གདེངས་སྤོབ་དགོས་པ་མ་ཟད། ནང་མི་སྤུན་མཆེད་རྣམས་ཀྱིས་ཀྱང་སོ་སོའི་བུ་མོ་ལ་ཡིད་ཆེས་དང་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུང་གི་འདུག

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དུ་སྨན་པའི་ཕྱག་ལས་གནང་བཞིན་པ་བསྟན་འཛིན་བདེ་ཆེན་ལགས་ནི་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་སྨན་པ་གང་འཚམ་ཡོད་པའི་ནང་ནས་གཅིག་ཡིན་ཞིང་། ཁོང་གིས་དེང་སྐབས་སོ་སོས་དཀའ་ལས་བརྒྱབ་ཐུབ་ཚེ་བུད་མེད་ཅིག་སྨན་པ་ཆགས་རྒྱུར་དཀའ་ངལ་གང་ཡང་མེད་སྐོར་གསུང་གི་འདུག དེ་ཡང་ཁོང་གིས། སྤྱི་ཚོགས་དང་དུས་སྐབས་ཡར་རྒྱས་ཕྱིན་པའི་དབང་གིས་སྨན་པའི་སློབ་སྦྱོང་གི་བརྒྱུད་རིམ་དང་ལས་ཀའི་ཁྲོད་ཕོ་མོ་དབྱེ་བྱེད་སོགས་ཀྱི་གོ་སྐབས་མ་ཐོབ་པའི་དཀལ་ངལ་ཆེན་པོ་མེད་ལ། གཙོ་བོ་སོ་སོའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་དཀའ་ལས་རྒྱག་ཐུབ་པ་ཡིན་ན་གྲུབ་འབྲས་ཐོན་ངེས་ཡིན་ཞིང་། སྨན་ཁང་དུ་བུད་མེད་སྨན་པ་ཡོད་པའི་རྐྱེན་གྱིས་བུད་མེད་ནད་པ་དང་འབྲུ་མ་རྣམས་ཀྱིས་རང་གི་ནད་རྟགས་འགྲེལ་བརྗོད་དང་སེམས་ཚོར་བཤད་བདེ་བ་སོགས་ཀྱི་དགེ་ཚན་ངེས་ཅན་ཞིག་ཡོད་པ་གཟིགས་ཀྱིས་ཡོད་པ་དང་། དེང་སྐབས་གཞོན་སྐྱེད་ཁྲོད་བུད་མེད་ཀྱི་འཕྲོད་བསྟེན་སོགས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུ་གལ་གནད་ཆེན་པོ་ཡིན་པ་གསུངས་བྱུང་།

གཞི་རྩའི་དེང་སང་གི་འཛམ་བུ་གླིང་ནང་དུ་མིའི་བསམ་བློའི་་གནས་ཚད་ཡར་རྒྱས་ཕྱིན་པར་བརྟེན་ནས་སྤྱི་ཚོགས་ཁྲོད་ཕོ་མོ་སོགས་སུ་རུང་ནས་རང་གིས་འབད་བརྩོན་བྱས་ན། ལས་རིགས་གང་ལའང་ཞུགས་རྒྱུའི་ཐོབ་ཐང་དང་རང་དབང་ལྡན་ཡོད་ལ། བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་། དེང་སྐབས་ལས་གནས་འདྲ་མིན་ནང་ཕྱག་ལས་གནང་བཞིན་པའི་བུད་མེད་མང་པོ་ཡོད་པ་མངོན་གསལ་རེད། དེས་ན། རང་ཉིད་ཀྱིས་འབད་བརྩོན་དང་དཀའ་ལས་བརྒྱབ་ན་རང་ཉིད་ཀྱི་མངོན་འདོད་ལྟར་ལས་གནས་འདྲ་མིན་ཐོག་ནས་རང་གཞན་སྤྱི་གསུམ་ལ་ཕན་པའི་ཞབས་ཞུ་བསྒྲུབ་ཐུབ་པ་ཡིན། །

གསར་འགོད་པ། རྡོ་རྗེ་སྒྲོལ་མ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎