རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་གསལ་སྟོན་གནང་འདུག
ཨ་མི་རི་ཀའི་ནང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། ཉི་ཧོང་དུ་ཆོས་དད་རང་དབང་དང་འབྲེལ་བའི་ཚོགས་ཆེན་ཞིག་སྤྱི་ཟླ་ ༧ པའི་ཚེས་ ༢༣ ཉིན་བསྐོང་ཚོགས་གནང་ཡོད་པའི་ཐོག དམིགས་བསལ་ཨེ་ཤེ་ཡའི་མངའ་ཁུལ་དུ་རྒྱ་ནག་གཙོ་བོར་གྱུར་པའི་གཅིག་སྡུད་རིང་ལུགས་ཀྱི་གཞུང་རྣམས་ཀྱིས་ཆོས་དད་རང་དབང་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་སོགས་དང་འབྲེལ་བའི་བགྲོ་གླེང་འཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་གཏམ་བཤད་དུ་གདན་ཞུས་ལྟར། ཉི་ཧོང་དོན་གཅོད་མཆོག་གིས་འདས་པའི་མི་ལོ་ ༧༠ རིང་། རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་ལ་དད་པ་གནང་མཁན་ཚོར་དྲག་གནོན་ཚབས་ཆེ་དང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་ཤུགས་ཆེ་བྱས་པ་མ་ཟད། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་ཇུས་བྱེད་བཞིན་པའི་སྐོར་སོགས་གསལ་སྟོན་གནང་ཡོད་པ། ཉི་ཧོང་དོན་གཅོད་ཨརྱ་ཚེ་རིང་རྒྱལ་པོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མ་ཟད་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་གསུངས་ན། ཚོགས་ཆེན་དེའི་གོ་སྒྲིག་པ་ཚོའི་དམིགས་ཡུལ་གཙོ་བོ་ནི། ཨེ་ཤེ་ཡེའི་མངའ་ཁུལ་སྤྱི་དང་ལྷག་པར་རྒྱ་ནག་ནང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་དང་། ཆོས་དད་རང་དབང་ལ་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པར་དམིགས་ཡོད་པ་ངོ་སྤྲོད་གནང་བྱུང་།
སྤྱི་ལོ་ ༢༠༢༣ ལོ་ནས་རྒྱ་ནག་གཞུང་གིས་ཆོས་དོན་དང་འབྲེལ་བའི་བཀའ་རྒྱ་ཨང་ ༡༩ ཟེར་བ་ཞིག་བཟོས་ཏེ།ཆོས་ཕྱོགས་ཀྱི་བྱེད་སྒོ་ཆ་ཚང་ལ་གཞུང་གི་ཆོག་མཆན་དགོས་པ་དང་། ཆོས་ལུགས་པ་ཚོས་ཆོས་བཤད་པར་གཞུང་གིས་ངོ་སྤྲོད་ལག་ཁྱེར་དགོས་པ། ཆོས་ལུགས་ཚང་མ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་མཐུན་དགོས་པ་སོགས་བཟོས་ཡོད་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་གལ་གནང་དགོས་པ་ཞིག་ཡིན་པ་དང་། བོད་ཀྱི་༸རྒྱལ་བ་རིན་པོ་ཆེ་མཆོག་དང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཙམ་མ་ཟད། ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་ཀྱི་བླ་ཆེན་ཁག་ཀྱང་རྒྱ་ནག་གཞུང་གིས་ངོས་འཛིན་ཐེ་བྱུས་ཀྱི་ལག་བསྟར་བྱེད་བཞིན་པ་སོགས་ཉི་ཧོང་དོན་གཅོད་ལགས་ནས་ཚོགས་ཆེན་དེར་ཤུགས་ཆེར་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་དང་རྒྱ་ནག་གིས་བཙན་བཟུང་གི་ས་ཁུལ་རྣམས་ལ་རང་དབང་ཐོབ་པར་འབད་བརྩོན་གནང་དགོས་པ་གསུང་འདུག
ད་ཆ་རྒྱ་ནག་ནི་རྒྱལ་སྤྱིའི་ནང་མང་གཙོ་དང་ཞི་བདེ་ཡོང་བར་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་དེ། རྒྱ་གར་དང་བལ་པོ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་ཁག་དང་ལྷོ་ཤར་རྒྱ་ནག་རྒྱ་མཚོ་བཅས་སུ་ག་རེ་འབྱུང་བཞིན་པ་དང་། ཐེ་ཝན་ནང་རྒྱུན་ཆད་མེད་པར་རྒྱ་ནག་གིས་ཉེན་ཁ་བཟོ་བཞིན་པ། ཉི་ཧོང་གི་སིང་ཁ་གྷོ་གླིང་ཕྲན་བཅས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། དེ་ཚོ་ཚང་མ་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་མུ་མཐུད་དབང་ཆ་འཛིན་འདོད་ཡོད་པ་ཚོས་བཟོ་བཞིན་པའི་ཉེན་ཁ་ཞིག་ཆགས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་མཉམ་རུབ་ཀྱིས་རྒྱ་ནག་སྤྱི་དང་རྒྱ་ནག་གིས་བཙན་བཟུང་གི་ས་ཁུལ་བོད་དང་ཡུ་གུར། ལྷོ་སོག་པོ་བཅས་ལ་རང་དབང་ཐོབ་པར་བྱ་དགོས་པ་རེད་ཅེས་གསལ་སྟོན་གནང་གི་འདུག
ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་འཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་དེ་ནི། རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་པ་ཟུར་པ་སན་སྦི་རོན་སྦཀ་མཆོག་དང་། ཚོགས་གཙོ་ཟུར་པ་ཁཱ་ཐྲི་རི་ནཱ་ལཎ་ཊོ་སི་ལགས་གཉིས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པར། ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་ཟུར་པ་མའེཀ་པམ་ཕའེའོ་མཆོག་ཆེད་དུ་བཅར་བ་དང་། ཐེ་ཝན་གྱི་སྲིད་འཛིན་ཝི་ལིམ་ལའེ་མཆོག་ནས་ཀྱང་དྲྭ་ལམ་བརྒྱུད་གསུང་བཤད་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།