བོད་ཀྱི་རིག་གཞུང་བརྒྱུད་ནས་གོ་རྟོགས་སྤེལ་ཐབས་ཀྱི་བགྲོ་གླེང༌།
2009.12.17
༄༅༎བོད་ཀྱི་རིག་གཞུང་བརྒྱུད་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་ཐབས་སུ་ལེགས་སྐྱེས་འཇོག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་གི་ཡོད་འདུག
བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། ལྡི་ལི་བོད་ཁང་ནས་གོ་སྒྲིག་གནང་བའི་འོག་སང་ཉིན་ཚེས་བཅོ་བརྒྱད་ནས་བཟུང་ཉིན་གྲངས་གསུམ་རིང་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་ཐབས་སུ་བོད་པའི་རིག་གཞུང་གི་ལེགས་སྐྱེས་འཇོག་པ་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་གནང་གི་ཡོད་འདུག གོང་ཞུས་ལྷན་ཚོགས་དེའི་ནང་རྒྱལ་ཁབ་བཅུ་གསུམ་ཙམ་ནས་འབྲེལ་ཡོད་མཁས་དབང་མི་སྣ་༣༦ཙམ་ནས་མཉམ་ཞུགས་གནང་གི་ཡོད་འདུག
སང་ཉིན་ཚེས་བཅོ་བརྒྱད་ཉིན་དྲོག་དྲར་ཨེ་ལེག་ཛན་དྲར་སྦར་ཛིན་མཆོག་གིས། དབུས་ཨེ་ཤེ་ཡ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་དར་ཁྱབ་བྱུང་སྟངས། ལྷག་པར་དུ་ནང་ཆོས་བརྒྱུད་ནས་མིའི་བསམ་བློའི་འཁྱེར་བཟོའི་ཐོག་ཕན་ཐོགས་བྱུང་སྟངས་སོགས་ཀྱི་སྐོར་གསུངས་བཤད་གནང་རྒྱུ་ཡིན་འདུག། དེ་དང་ཕྱོགས་མཚུངས་རིམ་པས་བོད་ཀྱི་ནང་ཆོས་དང་། གསོ་བ་རིག་པ། ཐང་ཀ་བཞེངས་སྟངས་ཀྱི་མཚོན་པས་ལག་རྩལ་དང་སྒྱུ་རྩལ་སོགས་ཀྱི་སྡེ་ཚན་ཐོག་ལའང་གྲོས་བསྡུར་གནང་འཆར་ཡོད་པ་རེད།
དམིགས་བསལ་དེང་དུས་རབས་ཉེར་གཅིག་པའི་ནང་། ནང་པའི་ཆོས་ཀྱི་ཐོག་ནས་ཆོས་ལུགས་གཞན་དང་འབྲེལ་བ་བྱེད་ཕྱོགས། ནང་ཆོས་ཁྱབ་སྤེལ་དང་ཉམས་ལེན་བྱེད་མཁན་ཚོའི་ངོས་ནས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་ལས་དོན་སྤེལ་ཕྱོགས་བཅས་ཀྱི་གནད་དོན་མང་པོ་ཞིག་ཐོག་མཁས་དབང་ཚོའི་དབར་གྲོས་བསྡུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ཁང་པ་འམ་ཀྲི་བེདྲ་ཧ་འོ་སེ་ཞེས་པ་དེ་བཞིན་ཕྱི་ལོ་༡༩༦༥ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་དང་སྲུང་སྐྱོབ་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། དེའི་ནང་བོད་ཀྱི་ནང་ཆོས་དང་དངོས་རྫས་ཞལ་ཐང་འདྲ་མིན་གྱི་འགྲེམས་སྟོན་ཡོད་པ་མ་ཟད་ནང་ཆོས་ལ་དོན་གཉེར་གནང་མཁན་ཚོར་མཐུན་འགྱུར་ཆེད་ལོ་ལྟར་ལས་རིམ་མང་པོ་ཞིག་གོ་སྒྲིགས་གནང་མཁན་ལྟེ་གནས་གལ་ཆེ་ཞིག་ཆགས་ཡོད་པ་རེད།