བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གལ་ཆེན་ཁག་དང་ཕྱག་སྦྲེལ་གྱིས། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་ཐེར་འདོན།
འདས་པའི་ལོ་གཅིག་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་སྤྱིའི་ཞིབ་དཔྱོད་གསར་འགོད་པའི་མཐུན་ཚོགས་སམ་ (International Consortium of Investigative Journalist) གྱི་གསར་འགོད་པ་ཁག་ཅིག་དང་ཕྱག་སྦྲེལ་གྱིས། རྒྱ་ནག་གཞུང་གིས་ཐབས་ཇུས་མཁས་པོའི་ལམ་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་ཏེ། ཕྱི་རྒྱལ་ཁག་ནང་གནས་སྡོད་ཀྱི་བོད་དོན་ལས་འགུལ་བ་དང་ཡུ་གུར་བ། ཧོང་ཀོང་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་གྲགས་འགུལ་མེད་པར་བཟོ་བཞིན་པའི་གནས་ཚུལ་གསར་དུ་འདོན་སྤེལ་གནང་ཡོད་ཅིང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་སྤྱིའི་གནས་ཚུལ་འདི་ཆུ་ཚོད་མང་པོའི་རིང་བཅར་འདྲི་དང་པར་རིགས་སྣ་ཚོགས་ཀྱིས་བདེན་པ་ར་སྤྲོད་ཀྱི་ཐབས་བརྩོན་གནང་བའི་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོར་འཛམ་གླིང་གང་སར་རྒྱ་ནག་གི་རྒྱབ་སྐྱོར་བ་ཚོས་འཇིགས་སྐུལ་དང་བརྙས་བཅོས་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་བྱས་པའི་ཉམས་མྱོང་གསལ་བཤད་གནང་ཡོད་འདུག
ཉིན་འདིར་ཨ་མི་རི་ཀ་དང་ཧྥ་རན་སི། ཨའོསི་ཊརེ་ལི་ཡ་དང་འཇར་མན། སུད་སི་དང་སྦེལ་ཇམ། དབྱིན་ཇི་དང་ཌ་ཆི། ཨེ་ཊ་ལི་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་༢༠ལྷག་གིས་རྒྱལ་ཁབ་དེ་དག་ནང་། རྒྱ་ནག་གཞུང་གིས་ལས་འགུལ་བ་དང་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་ལས་འགུལ་མེད་པར་བཟོ་བཞིན་པའི་རྩོམ་ཡིག་དང་གསར་འགྱུར་སྤེལ་ཐུབ་ཡོད་པ་དང་མཚུངས། ཧ་ལས་དགོས་པའི་གསར་དུ་སྤེལ་བའི་གནས་ཚུལ་འདིས། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཤུགས་ཆེ་སྤེལ་ཐབས་བྱེད་བཞིན་པ་གསལ་པོར་མཐོང་ཐུབ་པར་བརྟེན། བོད་དོན་ལས་འགུལ་བ་ཚོས་ལས་དོན་གལ་ཆེན་སྣ་མང་ཞིག་བྱེད་དགོས་པ་མ་གཏོགས། རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲུག་དུ་མའི་རིང་བོད་དོན་ལས་འགུལ་བ་དང་བོད་ཀྱི་ཚོགས་པ་ཁག་དམིགས་འབེན་དུ་བཟུང་ཡོད་པས། བོད་རང་བཙན་སློབ་ཕྲུག་ཚོགས་པས་མུ་མཐུད་དུ་རྒྱ་ནག་གཞུང་གི་སྤྱོད་ངན་དང་སྐྱག་རྫུན་ཐེར་འདོན་དང་བདེན་པ་ར་སྤྲོད་གནང་གི་ཡིན་ཞེས། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཟླ་ ༤ པའི་ཚེས་ ༢༩ ཉིན་གནས་ཚུལ་སྤེལ་འདུག
བོད་མིའི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཆེད་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི། ཕྱི་ལོ་ ༡༩༩༤ ལོར་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོརཀི་ནང་གསར་འཛུགས་གནང་བ་དང་། ཚོགས་པ་འདིར་རྒྱལ་ཁབ་ ༣༥ ནང་མཐོ་སློབ་ཁག་དྲུག་བརྒྱ་ལྔ་བཅུ་བརྒལ་བར་ཡན་ལག་ཚོགས་པ་འདྲ་མིན་གྱིས་གྲུབ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།