རྒྱ་གར་ནང་རྡོ་སྣུམ་རིན་གོང་མཐོ་རུ་ཕྱིན་པའི་གནས་ཚུལ།
2011.06.25
༄༅༎གཟའ་སྤེན་པ་ནས་བཟུང་རྒྱ་གར་ནང་རྡོ་སྣུམ་དང་ས་སྣུམ་གྱི་རིན་གོང་ཆེ་རུ་ཕྱིན་ཡོད་པ་རེད།རྒྱ་གར་གཞུང་གིས་ཡུལ་གྱི་ནང་ཟས་སོང་གི་རིན་ཐང་ཇེ་མཐོར་འགྲོ་བཞིན་པ་ལྕོག་ཐབས་ཆེད་རྡོ་སྣུམ་གྱི་དངོས་རྫས་ཁག་གཅིག་གི་རིན་གོང་མཐོ་རུ་གཏོང་རྒྱུའི་ཐག་གཅོད་གནང་ཡོད་པ་དང༌། རྒྱ་གར་གྱི་རྡོ་སྣུམ་ལས་དོན་བློན་ཆེན་ཇེ་པལ་རེ་ཌི་ཡིས་རྡོ་སྣུམ་ཌི་སེལ་གྱི་རིན་གོང་ལི་ཊར་གཅིག་རེའི་ད་ལྟའི་རིན་གོང་ནས་རྒྱ་གར་གྱི་སྒོར་མོ་གསུམ་གྱི་སྤོར་ཆ་གནང་རྒྱུ་དང༌། ས་སྣུམ་ལི་ཊར་གཅིག་གི་རིན་གོང་སྒོར་གཉིས་རེ་སྤོར་ཆ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཅིང༌། འདི་ནི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་གིས་དབུ་འཁྲིད་པའི་གཞུང་གི་ཐོག་སྣོན་ཤུགས་གསར་པ་ཞིག་འབྱུང་ངེས་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
དཔལ་འབྱོར་བློན་ཆེན་པར་ནབ་མུ་ཁར་ཇི་ཡིས་གཟའ་པ་སངས་ཉིན་གསར་འགོད་པ་ཚོར་རྡོ་སྣུམ་དངོས་ཟོག་གི་རིན་གོང་སྤར་ཆའི་ཚད་གཞི་འདི་ནི་ཧ་ཅང་རན་པོ་ཞིག་ཡིན་པ་གསུངས་པ་དང་སྦྲགས་ཁོང་གིས་གཞུང་གི་ངོས་ནས་རྡོ་སྣུམ་གྱི་རིན་གོང་ད་དུང་ཆེ་རུ་མི་འགྲོ་བའི་ཐབས་སུ་རྡོ་སྣུམ་ནང་འདྲེན་གྱི་དཔྱའ་ཁྲལ་ཐོག་ཆགས་ཡང་ཆེན་པོ་གནང་སྟེ་རྒྱ་གར་གཞུང་ལ་རྒྱ་གར་སྒོར་མོ་ཐེར་འབུམ་ ༤༩༠ ཙམ་གྱི་གྱོང་གུན་བླངས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གིས་ས་གནས་གཞུང་སོ་སོའི་ངོས་ནས་ཀྱང་དངོས་ཟོག་ཉོ་ཚོང་གི་དཔྱའ་ཁྲལ་གྱི་ཚད་གཞི་དམའ་རུ་བཏང་སྟེ་མི་དམངས་ལ་ཕན་ཐོགས་འབྱུང་བའི་ཐབས་ལམ་འཚོལ་དགོས་པའི་དགོངས་འཆར་སློབ་སྟོན་ཡང་གནང་ཡོད་པ་རེད།
རྒྱ་གར་གཞུང་གིས་རྡོ་སྣུམ་གྱི་རིན་གོང་སྤོར་ཆ་གནང་རྒྱུའི་གསལ་བསྒྲགས་གནང་མ་ཐག་ཕྱོགས་འགལ་ཚོགས་པ་ཆེ་ཤོས་སྦི་ཇཱེ་པིས་གཞུང་གི་ཐག་གཅོད་དེས་ཟས་སོང་གི་རིན་གོང་ད་དུང་ཇེ་མཐོར་གཏོང་རྒྱུའི་ཉེན་ཁ་ཆེ་རུ་བཏང་ཡོད་པའི་སྐྱོན་བཙུགས་བྱས་ཡོད་པ་དང༌། རྒྱ་གར་གི་ཡུལ་ཐང་ཟས་སོང་གི་རིན་གོང་ཟླ་བ་འདིའི་ནང་བརྒྱ་ཆ་དགུ་ཙམ་གྱི་མཐོ་རུ་སོང་ཡོད་ཅིང༌། རྒྱ་གར་གྱི་དབུལ་པོའི་མི་སེར་ས་ཡ་མང་པོའི་འཚོ་བའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།།