རྒྱ་གར་ཉེན་རྟོག་པས་མའོའི་དྲག་སྤྱོད་པའི་རྟེན་ཡུལ་དུ་འཛུལ་པ།
2009.06.20
༄༅༎རྒྱ་གར་གྱི་མངའ་སྡེ་ནུབ་སྦེང་གོལ་གྱི་ཉེན་རྟོག་པས་མངའ་ཁུལ་དེའི་ནང་གི་མའོའི་དྲག་སྤྱོད་པའི་རྟེན་གཞི་ཆེན་པོ་ཡོད་པའི་ས་ཁུལ་གྱི་ནང་འཛུལ་སྟེ་དྲག་སྤྱོད་སྤེལ་ཡུལ་གྱི་ས་གནས་དེ་བསླང་ཐུབ་ཡོད་འདུག
ས་ཁུལ་དེའི་ནང་མའོའི་དྲག་སྤྱོད་པས་གྲོང་གསེབ་བརྒྱ་ཕྲག་འགའ་ཤས་རང་ཉིད་ཀྱི་དྲག་ཤུགས་འོག་དབང་དུ་འདས་ཡོད་འདུག
ཉེན་རྟོག་པས་བསླང་པའི་ས་ཁུལ་ལཱལ་ག་ར་ཟེར་བ་དེ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཊ་ནས་རྒྱང་ཐག་ཀི་ལོ་མི་ཊར་བརྒྱ་དང་སུམ་བཅུ་ཙམ་གྱི་སར་ཆགས་ཡོད་པ་དང་ཉེན་རྟོག་པ་ས་གནས་དེའི་ནང་ཕར་རྒོལ་ལས་གཞིའི་དམིགས་ཡུལ་གྱི་ཐོག་ནས་འཛུལ་སྐབས་མའོའི་དྲག་སྤྱོད་པ་ཚོའི་ངོས་ནས་ཚུར་རྒོལ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་ལུགས་ས་གནས་ཉེན་རྟོག་སྤྱི་ཁྱབ་པ་མེ་ནོཇ་ལྦར་མས་བརྗོད་འདུག འོན་ཀྱང་ས་གནས་དེའི་རྒྱ་ཁྱོན་ཀི་ལོ་མི་ཊར་ཆིག་སྟོང་ལྷག་ཡོད་སྟབས་ས་གནས་དེ་ཡོངས་རྫོགས་ཀྱི་ནང་མའོའི་དྲག་སྤྱོད་པ་མེད་པ་བཟོ་རྒྱུར་དུས་ཚོད་འགོར་སྲིད་པ་ཡིན་འདུག
ནུབ་སྦེང་གོལ་གྱི་མངའ་སྡེ་དེའི་ནང་དྲག་སྤྱོད་ལས་འགུལ་ཤུགས་ཆེ་རུ་འགྲོ་བཞིན་པ་དེའི་རྐྱེན་གྱིས་མངའ་སྡེ་དེའི་ནང་ཕྱི་རྒྱལ་གྱི་མ་རྩ་འཛུགས་ཕྱོགས་གནད་དོན་ཐད་དོ་ཕོག་བྱུང་བཞིན་ཡོད་འདུག གཞི་རྐང་ས་ཁུལ་དེའི་ནང་མའོའི་དྲག་སྤྱོད་ཀྱི་གནས་ཚུལ་དེ་ཕྱི་ལོ་༡༦༦༧ཙམ་གྱི་ནང་ཞིང་པའི་སྒེར་ལངས་ལས་འགུལ་གྱི་སྐབས་ནས་བྱུང་པ་ཞིག་ཡིན་པ་དང་ཆེ་ཆུང་ལ་མ་བལྟོས་པས་མའོའི་རིང་ལུགས་ཀྱི་དྲག་སྤྱོད་ཚོགས་སྡེ་དེ་རིགས་ད་ལྟའི་སྐབས་རྒྱ་གར་གྱི་མངའ་སྡེ་བཅོ་ལྔ་ཙམ་གྱི་ནང་ཁྱབ་བརྡལ་བྱུང་ཡོད་པ་རེད།