རྒྱ་གར་དུ་ལྐོག་ཟར་ངོ་རྒོལ་ཟས་བཅད་ལས་འགུལ།
2011.08.17
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟར་ངོ་རྒོལ་ཟས་བཅད་་ལས་འགུལ་སྤེལ་བཞིན་པ་དེ་བཞིན་བསམ་ཤེས་ལོག་པ་ཡིན་པར་གྲོས་ཚོགས་སུ་འགྲེལ་བརྗོད་གནང་འདུག ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་འགོག་ཁྲིམས་ཀྱི་གྲོས་འཆར་མ་ལག་ཡོངས་རྫོགས་བསྐྱར་བཅོས་དགོས་པའི་དགོས་འདུན་ནི་མང་གཙོའི་ལམ་ལུགས་ལ་མགོ་སྐོར་གཏོང་བ་ཡིན་ལུགས་སྲིད་བློན་མཆོག་གིས་གསུངས་གནང་འདུག
མ་ཧཏ་མ་གེན་རྡིའི་རྗེས་འབྲངས་པ་ཨ་ན་ཧ་ཛ་རེ་བཙོན་ཁང་ནས་གློད་འགྲོལ་བཏང་ཡང་ཕྱིར་ལོག་མ་ཕེབས་པར་ཁ་ས་མཚན་མོ་རྒྱལ་ས་སྡི་ལིའི་ཏི་ཧའར་བཙོན་ཁང་ནང་བཞུགས་ཡོད་ཅིང་། རྒྱ་གར་གཞུང་གིས་ཁོང་གི་ཟས་བཅད་ངོ་རྒོལ་ལས་འགུལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རང་དབང་དང་རང་མོས་ལྟར་སྤེལ་ཆོག་པའི་བཀའ་འཁྲོལ་མ་བཏང་བར་བཙོན་ཁང་ནང་བཞུགས་རྒྱུ་ཡིན་ལུགས་གསུངས་གནང་ཡོད་པ་རེད། ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་འགོག་ཁྲིམས་ཀྱི་གྲོས་འཆར་མ་ལག་ཡོངས་རྫོགས་བསྐྱར་བཅོས་དགོས་པའི་དགོས་འདུན་ལ་རྒྱ་གར་རྒྱལ་ཡོངས་ནང་ཉིན་རེ་རྒྱབ་སྐྱོར་་ཇེ་ཆེར་འགྲོ་བཞིན་པ་དང་།
ཏི་ཧའར་བཙོན་ཁང་ཕྱི་རོལ་དུ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ལག་ཏུ་རྒྱ་གར་དར་ཆ་ཐོགས་ཏེ་ལྐོག་ཟ་ཕམ་གྱུར་ཅིག་རྒྱ་གར་རྒྱལ་རྒྱུར་ཅིག་ཅེས་པའི་འབོད་ཚིག་བསྒྲགས་འདུག ཡང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ཀྱིས་ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་འགོག་ཁྲིམས་ཀྱི་གྲོས་འཆར་མ་ལག་ཡོངས་རྫོགས་བསྐྱར་བཅོས་དགོས་པའི་དགོས་འདུན་ལ་རྒྱབ་སྐྱོར་མཚོན་ཆེད་རྔམ་སྟོན་ཁྲོམ་སྐོར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། འགྲུལ་པ་འོར་འདྲེན་སྣུམ་འཁོར་ཆུང་བ་གཏོང་མཁན་ཚོས་ལས་མཚམས་བཞག་སྟེ་ངོ་རྒོལ་ནང་བཞུགས་འདུག ཨ་ན་ཧ་ཛ་རེ་ཡིས་མ་འཆི་བར་ཟས་བཅད་ཀྱི་ལས་འགུལ་འགོ་འཛུཌ་མ་གནང་གོང་དུ་རྒྱབ་སྐྱོར་བ་མི་གྲངས་ཆིག་སྟོང་ཉིས་བརྒྱ་སྐོར་འཛིན་བཟུང་དོ་དམ་བྱས་འདུག
རྒྱ་གར་གྱི་གྲོས་ཚོགས་སུ་ལོཀ་པལ་ཞེས་ལྐོག་ཟར་ཞིབ་དཔྱོད་ཀྱི་གཞུང་འབྲེལ་ཁྲིམས་འཆར་དེའི་ནང་རྒྱ་གར་གྱི་སྲིད་བློན་དང་ཆེས་མཐོའི་ཁྲིམས་ཁང་ཁག་གི་ཁྲིམས་ཞིབ་པ་རྣམས་གོང་ཕུད་བཏང་ཡོད་པ་དེར་ཨ་ན་ཧ་ཛ་རེ་ཡིས་མོས་མཐུན་གནང་གི་མེད་ཅིང་། ལྐོག་ཟ་འགོག་ཁྲིམས་ཀྱི་གཞུང་འབྲེལ་གྲོས་འཆར་མ་ལག་ཡོངས་རྫོགས་བསྐྱར་བཅོས་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད། ཉེ་ལམ་རྒྱ་གར་གྱི་མཐོ་རིམ་འགོ་ཁྲིད་མང་པོས་ལྐོག་ཟ་བྱས་པའི་དཀའ་རྙོག་འཕྲད་བཞིན་པ་མ་ཟད། གཞུང་དངུལ་འཕོན་ཆེ་ལྐོག་ཟ་བྱས་དབང་གིས་གཞུང་ལ་གྱོང་གུན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད༎