རྒྱ་གར་གྱི་སྲིད་བློན་པ་ཀི་སི་ཐན་དུ་ཕེབས་པ།


2015.12.25
རྒྱ་གར་གྱི་སྲིད་བློན་པ་ཀི་སི་ཐན་དུ་ཕེབས་པ། རྒྱ་གར་གྱི་སྲིད་བློན་པ་ཀི་སི་ཐན་དུ་ཕེབས་ནས་ཡུལ་དེའི་སྲིད་བློན་དང་མཇལ་མོལ་གནང་བ།
ཨེ་ཨེཕ་པི།

རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གློ་བུར་དུ་པ་ཀི་སི་ཐན་ལ་འཚམས་འདྲིར་ཆེད་ཕེབས་གནང་འདུག དེའང་བི་བི་སི་སོགས་བརྒྱུད་ལམ་དུ་གསལ་བར་ལྟར་ན། རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དུ་འཚམས་འདྲིར་ཕེབས་འབྱོར་བྱུང་བ་དེ་ནི་སྔོན་གཏན་ཁྱབ་བསྒྲགས་མ་གནང་བའི་གློ་བུར་གྱི་འཚམས་འདྲི་ཞིག་ཡིན་པ་དང་། དེར་པ་ཀི་སི་ཐན་གྱི་སྲིད་བློན་ན་ཝཛ་ཤ་རིཕ་(Nawaz Sharif)དང་མཇལ་འཕྲད་ཀྱང་གནང་འདུག ད་རེས་རྒྱ་གར་གྱི་སྲིད་བློན་མཆོག་ཨབ་གའ་ནི་སི་ཐན་ཏུ་འཚམས་འདྲིར་ཕེབས་ཏེ་ཕྱིར་རྒྱ་གར་དུ་ཕེབས་པའི་ལམ་ཞོར་དུ་པ་ཀི་སི་ཐན་གྱི་ཤར་རྒྱུད་གྲོང་ཁྱེར་ལའ་ཧོར་ལ་འཁྱུགས་ཙམ་ཕེབས་པ་ཞིག་ཡིན་པ་དང་པ་ཀི་སི་ཐན་གྱི་སྲིད་བློན་ ན་ཝཛ་ཤ་རིཕ་ཡི་སྐྱེས་སྐར་ཡང་འཁེལ་གྱི་ཡོད་འདུག སྲིད་བློན་མོ་དཱི་མཆོག་ནི། སྤྱི་༢༠༠༤ལོ་ནས་ཚུན་པ་ཀི་སི་ཐན་ལ་འཚམས་འདྲིར་ཕེབས་མཁན་རྒྱ་གར་གྱི་སྲིད་བློན་ཨང་དང་པོ་དེ་ཡིན་པ་རེད། རྡུལ་ཕྲན་གྱི་གོ་མཚོན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དེ་གཉིས་པོ་ཉེ་བའི་ལོ་ཤས་ཚུན་དུ་འབྲེལ་བ་ཛ་དྲག་ངང་གནས་པ་ཡིན་ནའང་། ད་ལྟ་ཞི་འཇམ་དུ་འགྲོ་འགོ་ཚུགས་ཡོད་པ་རེད། རྒྱ་གར་དང་པ་ཀི་སི་ཐན་གྱི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་གོང་ཟླའི་ནང་ཕ་རན་སིར་ཚོགས་པའི་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སྐབས་ཡུན་ཐུང་མཇལ་འཛོམས་བྱུང་ཡོད་པ་རེད། རྒྱ་གར་དང་པ་ཀི་སི་ཐན་གཉིས་པོ་སྤྱི་༡༩༤༧་ལོར་ཨིན་ཇིའི་འོག་ནས་རང་བཙན་ཐོབ་པ་ནས་བཟུང་དམག་འཁྲུག་ཐེངས་གསུམ་ཙམ་རྒྱབ་མྱོང་ཡོད་ཅིང་། ཐེངས་གཉིས་ནི་ཀ་ཤི་རྨི་རི་ས་ཁུལ་གྱི་རྩོད་རྙོག་ནས་བྱུང་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་ཕན་ཚུན་བར་ཀ་ཤི་རྨི་རིའི་བདག་དབང་ཡོད་ལུགས་ཀྱི་ཐོག་ནས་སྤྱི་༡༩༦༠ལོ་ནས་རྒྱལ་ཁབ་གཉིས་གདོང་ཐུག་བྱུང་སའི་གནས་དེ་ཡིན་པ་རེད།།
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎