བོད་མི་གོམ་བགྲོད་པ་༡༩རྒྱ་གར་ས་མཚམས་སུ་དོ་དམ་བྱས་པ།
2008.05.24
༄༅༎རྒྱ་གར་ནས་བོད་ནང་ཞི་བའི་གོམ་བགྲོད་པ་བཅུ་དགུ་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་གར་གཞུང་གི་ཉེན་རྟོག་པས་དོ་དམ་བྱས་འདུག
བོད་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔས་གོ་སྒྲིག་གནང་བ་ཡིན་ཞིང་ གོམ་བགྲོད་པ་མི་གྲངས་སུམ་བརྒྱ་བརྒལ་བ་ ཨུ་ཊར་ཁཱན་ མངའ་སྡེའི་ པི་ཐོ་ར་གར་ རྫོང་ཁོངས་སུ་འབྱོར་ནས་སྒར་བཏབ་ནས་བཞུགས་ཡོད་ཅིང་ བོད་མི་འབྱོར་ཡུལ་དེ་ནས་བོད་ཀྱི་ས་མཚམས་རྒྱང་ཐག་ཀི་ལོ་མི་ཌར་བརྒྱ་དང་ཉི་ཤུ་ཙམ་ལས་མེད་པ་རེད་ ས་གནས་དེ་ནས་བོད་རིགས་བཅུ་དགུ་འཛིན་བཟུང་དོ་དམ་བྱས་པ་མ་ཟད་ ནུབ་ཕྱོགས་པ་མི་གྲངས་ལྔ་འཛིན་བཟུང་བྱས་ཏེ་ཉིན་གྲངས་བདུན་ནང་ཚུད་རྒྱ་གར་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་དགོས་པའི་བཀའ་བཏང་འདུག འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དང་བླངས་བ་མི་གྲངས་བརྒྱ་ཡིས་བཞུགས་སྒར་ནས་ཞི་བའི་གོམ་བགྲོད་འགོ་འཛུགས་གནང་ཡོད་ཀྱང་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད་ དེ་རྗེས་ཕྱི་ཟླ་ ༤ པའི་ཚེས་ ༡༨ ཉིན་མི་གྲངས་ཉིས་བརྒྱ་ལྔ་བཅུ་ཡིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་གོམ་བགྲོད་འགོ་འཛུགས་གནང་ནས་ཉིན་རེ་བཞིན་གོམ་བགྲོད་པ་ཇེ་མང་དུ་སོང་བ་མ་ཟད་ ད་ཆ་བོད་ཀྱི་ས་མཚམས་ཉེ་ཁྲིས་སུ་འབྱོར་ཡོད་པ་རེད་ འོན་ཀྱང་བོད་དང་རྒྱ་གར་གྱི་མཚམས་ཉེ་འཁྲིས་ཀྱི་ས་ཁུལ་ནི་ སྲུང་སྐྱོབ་ས་ཁུལ་ཡིན་པར་བརྟེན་ཕྱི་རྒྱལ་མི་སྣ་ཕ་ལྟར་ཞོག་ རྒྱ་གར་ཡུལ་མི་ཡང་གཞུང་ནས་ཆོག་མཆན་མེད་པར་འགྲོ་སྐྱོད་ཆོག་གི་མེད་སྟབས་ གོམ་བགྲོད་པ་རྣམས་སྲུང་སྐྱོབ་ས་ཁུལ་དུ་འཛུལ་མ་ཐག་རྒྱ་གར་གཞུང་གི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་རེད།