རྒྱ་གར་ནང་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་བཟོ་ཉེན་ཡོད་པ།
2008.10.13
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཡུལ་ནང་མི་རིགས་དང་སྤྱི་ཚོགས་འདྲ་མིན་དབར་གྱི་ཚབས་ཆེའི་འཁོན་འཛིན་ལངས་སྟངས་དེས་སྤྱི་ཚོགས་ཀྱི་བདེ་འཇགས་ཐོག་ཉེན་ཁ་ཆེན་པོ་ཞིག་ཡིན་སྐོར་ཉེན་བརྡ་བཏང་གནང་འདུག
སྲིད་བློན་མཆོག་གི་བཀའ་མོལ་དེ་ཉེ་ལམ་ཡུལ་གྱི་ཤར་ཕྱོགས་མངའ་སྡེ་ཨོ་རི་ས་དང་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀ་གཉིས་ནང་ཧིན་རྡུའི་ཆོས་ལུགས་རྗེས་འབྲངས་པ་ཚོས་ཡེ་ཤུའི་ཆོས་བྱེད་མཁན་ཐོག་རྡུང་རྡེག་དང་ཡང་ཡུལ་གྱི་བྱང་ཤར་མངའ་ཁུལ་ནང་ཁ་ཆེ་དང་རུས་རྒྱུད་ཤོག་ཁག་འདྲ་མིན་དབར་འཁོན་འཁྲུགས་བྱུང་བའི་གནས་ཚུལ་ཁག་བྱུང་རྗེས་སྲིད་བློན་མཆོག་གིས་གོང་ཞུས་ཀྱི་བཀའ་མོལ་དེ་གསུང་པ་ཞིག་ཡིན་པ་རེད་
སྲིད་བློན་མན་མོ་ཧན་སིང་མཆོག་གི་བཀའ་མོལ་དེ་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམ་པའི་ལྷནཚོགས་ཐོག་གསུང་པ་ཞིག་དང་ཁོང་གིས་དཀའ་རྙོག་དེས་ང་ཚོར་བློ་མ་བདེ་བ་དང་ཉེན་ཁ་ཆེ་བའི་གནད་དོན་ཞིག་ལས་ང་ཚོའི་གཅིག་ཏུ་བསྒྲིལ་བའི་རིག་གཞུང་དེར་རྡུང་རྡེག་དང་ང་ཚོས་དཀའ་རྙོག་འབྱུང་ས་དེ་སྤྱི་ཚོགས་ནང་དང་སྤྱི་ཚོགས་ཕན་ཚུན་དབར་ཡོང་གི་ཡོད་པ་དེ་གཟིགས་བཞིན་ཡོད་ཅེས་གསུང་འདུག ཡང་ཁོང་གིས་ཧིན་རྡུ་དང་ཡེ་ཤུ་ཁ་ཆེ་དང་རུས་རྒྱུད་ཤོག་ཁག་འདྲ་མིན་དབར་འཁྲུགས་འཛིང་བྱུང་ཡོད་པ་དང་སྤྱི་ཚོགས་ནང་འཁོན་འཛིན་དང་དྲག་སྤྱོད་ཀྱི་འཁོར་ཡུག་ཅིག་བསྐྲུན་གྱི་འདུག ཁག་ཅིག་གིས་གནས་སྟངས་འདི་འདྲ་བ་བྱུང་སྟངས་ཐོག་ཆེད་མངགས་བརྒྱུད་བསྐུལ་བྱེད་ཀྱི་འདུག་ཅེས་གསུང་འདུག ཉེ་བའི་ཆར་རྒྱ་གར་ནང་ཧིན་རྡུ་དང་ཁ་ཆེའི་དབར་འཁྲུག་འཛིང་བྱུང་ནས་མི་གྲངས་སུམ་ཅུ་སོ་དགུའི་ཚེ་སྲོག་ཤོར་ཡོད་པ་དང་ཡུལ་གྱི་རུས་རྒྱུད་འདྲ་མིན་ཤོག་ཁག་དང་ཁ་ཆེའི་དབར་འཁྲུག་འཛིང་བྱུང་ནས་ཉུང་མཐར་མི་གྲངས་ལྔ་བཅུའི་ཚེ་སྲོག་ཤོར་བ་དང་དེ་བཞིན་ཁ་ཆེའི་དྲག་སྤྱོད་ཤོག་ཁག་གིས་ཡུལ་གྱི་གྲོང་ཁྱེར་འདྲ་མིན་ནང་འབར་གས་སྤར་དེ་ཞི་བའི་མི་སེར་བརྒྱ་ལྷག་གི་ཚེ་སྲོག་ལེན་ཡོད་པ་རེད།