རྒྱ་གར་གྱི་སྲིད་བློན་འབར་མར་འཚམས་འདྲི།
2012.05.25
༄༅༎རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མཱན་མོ་ཧན་སིང་གཟའ་འཁོར་རྗེས་མའི་ནང་འབར་མར་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང༌། སྐབས་དེར་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་དང་མཇལ་འཕྲད་གནང་གི་ཡོད་པའི་སྐོར་དེ་རིང་ལྕམ་ཨོང་སན་སུའུ་ཀི་ཡི་དམངས་གཙོ་ཚོགས་པས་གསུང་ཡོད་པ་རེད།
དེ་སྔ་འབར་མའི་སྲིད་དབང་དྲག་པོས་དབང་བསྒྱུར་བྱེད་པའི་སྐབས། དམངས་གཙོ་དོན་གཉེར་བའི་ཐོག་རྡུང་རྡེག་དང་བཙོན་འཇུག་བྱས་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་ཐོག་དཔལ་འབྱོར་རོགས་རམ་སོགས་འབྲེལ་ལམ་བཅད་དེ་ཉེས་ཆད་བཏང་བའི་སྐབས། རྒྱ་གར་གཞུང་གིས་དྲག་པོའི་གཞུང་དང་འབྲེལ་ལམ་བྱས་པར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གར་གྱི་གནང་ཕྱོགས་ལ་སྐྱོན་བརྗོད་བྱེད་མྱོང་ཡོད་པ་རེད། འོན་ཀྱང་མི་ལོ་སུམ་ཅུ་ལྷག་གི་རྗེས་སུ་རྒྱ་གར་གྱི་སྲིད་བློན་ཐེངས་དང་པོ་འབར་མའི་ནང་འཚམས་འདྲིར་ཕེབས་ཀྱི་ཡོད་པ་མ་ཟད། འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་དང་མཇལ་འཛོམས་གནང་གི་ཡོད་པ་དེ་ནི། རྒྱ་གར་གཞུང་གི་ཕྱོགས་ནས་དམངས་གཙོའི་ལས་དོན་དང་འབྲེལ་ལམ་དམ་དུ་གཏོང་རྒྱུའི་འདུན་པ་ཡོད་པའི་རྟགས་མཚན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ལྕམ་ཨོང་སན་སུའུ་ཀི་ཡི་འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་སྦྲེལ་ཚོགས་པའི་མགྲིན་ཚབ་པ། ནིཡེན་ལྦིན་གྱིས་གསུང་པར། རྒྱ་གར་གྱི་སྲིད་བློན་མཆོག་དང་ལྕམ་ཨོང་སན་སུའུ་ཀི་ཡི་མཇལ་འཛོམས་གྲོས་མོལ་དུས་ཚོད་རེས་གཟའ་མིག་དམར་ཉིན་ཡིན་པ་དང༌། རེས་གཟའ་མིག་དམར་ཕྱི་དྲོ་ཐའེ་ལེནདྲ་དུ་ཕེབས་ཐོན་བྱ་རྒྱུའི་འཆར་གཞི་ཡོད་པ་ལྟར་དེ་ནི་འདས་པའི་མི་ལོ་༢༤ རིང་ལྕམ་ཨོང་སན་སུའུ་ཀི་འབར་མའི་དྲག་པོའི་གཞུང་གིས་དོ་དམ་བྱས་པའི་རྗེས་ཐེངས་དང་པོ་ཕྱི་རྒྱལ་ཡུལ་གྲུའི་འཚམས་འདྲི་དེ་ཐའེ་ལེནདྲ་ཡི་རྒྱལ་ས་སྦེང་ཀོཀ་དུ་ཕེབས་ཏེ། རྒྱལ་ས་སྦེང་ཀོཀ་ནང་ཚོགས་རྒྱུའི་ཤར་ཨེ་ཤི་ཡའི་གནད་དོན་ཐོག་གི་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ཐོག་ཚོགས་བཅར་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད།