རྒྱ་གར་དང་པ་ཀི་སི་ཐན་དཔོན་རིགས་བར་གྱི་གྲོས་མོལ།
2010.06.29
༄༅༎རྒྱ་གར་དང་པཀིསི་ཐན་དཔོན་རིགས་དབར་གྲོས་མོལ་བྱུང་རྗེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་གིས་ ཁོང་ལ་པ་ཀིསི་ཐན་གཞུང་གི་ངོས་ནས་རྒྱ་གར་ནང་དྲག་ཟིང་སྤེལ་མཁན་པ་ཀིསི་ཐན་གྱི་དྲག་སྤྱོད་པ་ཚོའི་ལས་དོན་ཐད་དམ་བསྒྲགས་གནང་རྒྱུར་ཐུགས་རེ་ཕྲན་བུ་ཡོད་པ་གསུངས་འདུག།
གཟའ་འཁོར་སྔོན་མའི་བདུན་མཐའ་མར་རྒྱ་གར་དང་པ་ཀིསི་ཐན་ཟུང་འབྲེལ་གྱི་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་ཡུལ་གྲུ་གཉིས་ཐོུང་གི་ཐོག་ནས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱེད་རྒྱུ་དང་ཕྱི་ལོ་༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦཡི་ནང་འཇིགས་བསྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་སྟེ་མི་གྲངས་༡༦༦རྐྱེན་ལམ་དུ་བཏང་པའི་དྲག་སྤྱོད་ལས་དོན་གྱི་བྱེད་ལྟེ་དེ་དག་ལ་ཁྲིམས་གཅོད་ཡོང་རྒྱུར་ཕྱོགས་གཉིས་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུ་སོགས་འཁོད་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་ཀེ་ན་ཌེའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་འཛམ་གླིང་འབྱོར་ལྡན་དང་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་ཡུལ་གྲུ་ཁག་གི་G20ཞེས་པའི་ཆེས་མཐོའི་ལྷན་ཚོགས་དེར་ཆེད་ཕེབས་གནང་སྟེ་ རྒྱ་གར་དུ་ཕྱིར་ཕེབས་གནང་པའི་སྐབས་གསར་འགོད་པ་ཚོར་པ་ཀིསི་ཐན་དང་འབྲེལ་ལམ་བྱེད་སྐབས་ཡིད་ཆེས་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་ཆ་རྐྱེན་ཞིག་ཡིན་ལ་ ཡིད་ཆེས་དེ་ཡང་ཆ་འཇོགས་འཕེར་ངེས་ཤིག་དགོས་ཀྱི་རེད་ དེར་བརྟེན་གནད་དོན་ཁ་ཕྱོགས་ག་པར་འགྱུར་མིན་དུས་ཚོད་ཀྱི་བཤད་ཀྱི་རེད་ཅེས་གསུངས་འདུག།
རྒྱ་གར་གྱི་ནང་སྲིད་བློན་ཆེན་པི་ཅི་རྡམ་སྦ་རམ་དང་ཁོང་གི་ཕྱག་སྦྲེལ་པ་ཀིསི་ཐན་གྱི་ནང་སྲིད་བློན་ཆེན་རེ་མའན་མ་ལིཀ་རྣམ་གཉིས་གཟའ་འཁོར་སྔོན་མའི་བདུན་མཐའ་མར་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད།