རྒྱ་གར་ནང་མངའ་སྡེ་གསར་པ་ཞིག་བཟོ་རྒྱུའི་ཐག་གཅོད་བྱས་པ།
2009.12.11
༄༅༎རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་རྒྱ་གར་གྱི་ཚད་མཐོའི་འཕྲུལ་རིག་ལག་རྩལ་དང་ཚོང་ལས་ཀྱི་གྲོང་ཁྱེར་ཧའེ་རྡེ་ར་སྦ་རྡེ་ཆགས་ཡུལ་གྱི་ཨན་རྡ་ར་པཱར་རྡེཤ་མངའ་སྡེ་ནས་ཟུར་དུ་ཊེ་ལན་ག་ན་ཞེས་པའི་མངའ་སྡེ་གསར་པ་ཞིག་བཟོ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
ཊེ་ལན་ག་ན་ཞེས་པའི་ས་གནས་དེའི་ནང་གི་མི་དམངས་ཀྱིས་རྒྱ་གར་གཞུང་ལ་དེ་སྔོན་ནས་མངའ་སྡེ་གསར་པ་གཏན་འབེབས་ཡོང་བའི་རེ་འདུན་ཞུས་པའི་གནས་ཚུལ་ཡོད་པ་དང། ཡིན་ནའང་མི་དམངས་ཁག་ཅིག་གིས་མངའ་སྡེ་གསར་པ་བཟོ་རྒྱུ་འདོད་མོས་མེད་པ་ཡོད་ཅིང། ཉེ་ཆར་དེའི་ཁུལ་གྱི་ཆབ་སྲིད་པ་ཚོགས་པ་ཞིག་གིས་སྣེ་ཁྲིད་དེ་དྲག་པོའི་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་གཟའ་འཁོར་གཉིས་ཙམ་ཕྱིན་པའི་རྗེས་སུ། གློ་བུར་དུ་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་མངའ་སྡེ་གསར་པ་བཟོ་རྒྱུའི་ཐག་གཅོད་གནང་བ་དེའི་ཐོག་ནས་འདོད་མོས་མེད་པའི་མི་དམངས་ཚོས་ཟིང་ཆའི་དོན་རྐྱེན་སླངས་སྲིད་པའི་བློ་དོགས་ཆེན་པོར་གནས་བཞིན་ཡོད་པ་རེད། དེར་བརྟེན་ད་ཡོད་མངའ་སྡེ་དེའི་གྲོང་ཁྱེར་ཧའེ་རྡེ་ར་སྦ་རྡེ་ནང་འཕྲུལ་རིག་ལག་རྩལ་འཕེལ་རྒྱས་དང་ཚོང་ལས་ཀྱི་གཞི་ཡུལ་ལྟེ་གནས་ཤིག་ཡིན་ནའང་ཚོང་པ་ཚོས་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱེད་རྒྱུ་ཐེ་ཚོམ་བྱེད་བཞིན་ཡོད་པ་དང། དེ་ཡང་ཉེ་ཆར་བྱུང་བའི་དོན་རྐྱེན་ཞིག་ནི། ས་གནས་དེའི་ནང་དུ་མངའ་སྡེ་ཟུར་དུ་གསར་པ་བཟོ་རྒྱུར་འདོད་མོས་མེད་པ་ཚོས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་རྐྱེན་གྱིས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་དགོངས་ཞུ་བྱ་དགོས་པའི་གནས་ཚུལ་བྱུང་ཡོད་པར་བརྟེན་ད་དུང་ཡང་ཁོང་ཚོས་གཞུང་གིས་ཐག་གཅོད་ཕྱིར་བསྡུ་བྱ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་དེ་ཡིས་ས་ཁུལ་དེའི་ནང་དུ་ཆབ་སྲིད་ཐོག་ལ་དཀའ་ཚེགས་ཅན་དུ་འགྱུར་རྒྱུའི་ཉེན་ཁ་ཙམ་དུ་མ་ཟད། དཔལ་འབྱོར་ཐོག་ལ་དོ་ཕོག་ཆེན་པོ་ཐེབས་རྒྱུའི་ཉེན་ཁའི་རང་བཞིན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།།