རྒྱ་གར་དང་པ་ཀི་སི་ཏན་གྱི་ཕྱི་སྲིད་དྲུང་ཆེ་མཇལ་འཕྲད།
2010.06.24
༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་པ་ཀི་སི་ཏན་གྱི་རྒྱལ་ས་ཨིས་ལ་མ་བཏ་ནང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་ ར་འོ་དང་། པ་ཀི་སི་ཏན་གྱི་ཕྱི་སྲིད་དྲུང་ཆེ་སལ་མན་ བ་ཤིར་རྣམ་གཉིས་མཇལ་འཕྲད་ཀྱིས་རིང་མིན་ཕྱི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཕྱི་སྲིད་བློན་ཆེན་གཉིས་ཀྱི་མཇལ་འཕྲད་སྐོར་སྔོན་འགྲོའི་བཀའ་བསྡུར་གནང་ཡོད་འདུག
དེ་ཡང་དྲུང་ཆེ་རྣམ་གཉིས་ཐུན་མོང་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་བའི་སྐབས་པ་ཀི་སི་ཏན་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས། ང་ཚོ་ཡུལ་གཉིས་དབར་ཕན་ཚུན་ཡིད་ཆེས་ཐུབ་པའི་ཐོག་ནས་འབྲེལ་ལམ་བཟོ་ཐབས་བྱས་ནས་དོན་དམ་གྱི་གྲོས་མོལ་ཞིག་བྱེད་རྒྱུའི་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་ལ་ད་རེས་ངོས་གཉིས་ཀྱི་སྔོན་འགྲོའི་མཇལ་འཕྲད་འདི་བརྒྱུད་ནས་
བློན་ཆེན་རྣམ་གཉིས་ཀྱི་མཇལ་འཕྲད་གྲོས་མོལ་ཡང་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཞུ་གི་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རའོ་ནས། ང་ཚོའི་ངོས་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་ཐོག་བློ་འཚབ་ཡོད་པའི་སྐོར་གླེང་སློང་བྱས་ཡོད་ལ་གནད་དོན་འདིའི་ཐོག་ནས་གྲོས་མོལ་གྱི་བརྒྱུད་རིམ་ལ་དོ་ཕོག་མི་འགྲོ་བའི་ཆེད་རྒྱལ་ཁབ་གཉིས་ཀའི་ངོས་ནས་གདོང་ལེན་བྱེད་དགོས་ཀྱི་རེད། དེ་ནི་ང་ཚོ་གཉིས་ཀར་འཕྲད་པའི་དཀའ་རྙོག་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་གར་དང་པ་ཀི་སི་ཏན་གཉིས་དབར་གྲོས་མོལ་གྱི་བརྒྱུད་རིམ་མུ་མཐུད་ནས་ཡོང་རྒྱུར་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་སྤེལ་བཞིན་པ་དེས་རང་བཞིན་གྱིས་དོ་ཕོག་འགྲོ་གི་ཡོད་པ་རེད།