རྒྱ་གར་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བ་འཛིན་བཟུང་།
2011.08.16
༄༅༎རྒྱ་གར་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཆེད་ངོ་རྒོལ་ལས་འགུལ་སྤེལ་མཁན་ཨ་ན་ཧ་ཛ་རེ་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བཅས་པ་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་འདུག དེ་ཡང་སྤྱིར་བཏང་རྒྱ་གར་ནང་གཞུང་གི་ལས་བྱེད་པས་ལྐོག་ཟ་བྱེད་སྲོལ་ཤུགས་ཆེ་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནང་གཞུང་གི་བློན་ཆེན་གཙོས་པའི་ལས་བྱེད་མཐོ་གྲས་མང་པོས་ཨ་རིའི་ཌོ་ལར་ས་ཡ་མང་པོ་ལྐོག་ཟ་བྱས་པའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་ཐོན་དང་འཐོན་བཞིན་པར་སོང༌། མེས་པོ་དམ་པ་གྷན་དྷིའི་རྗེས་འཇུག་པ་ཡིན་པའི་ཨ་ན་ཧ་ཛ་རེ་ཡིས། རྒྱ་གར་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཆེད་དམིགས་བསལ་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱེད་དགོས་པའི་དགོས་འདུན་སྟོན་གྱི་ཡོད་ཀྱང༌། ཁྲིམས་ཡིག་གསར་པ་དེའི་ནང་དོན་འགོད་ཕྱོགས་ཀྱི་ཐད་ལ་ད་ལྟའི་གཞུང་འཛིན་དཔོན་རིགས་ཚོ་དང༌། ཨ་ན་ཧ་ཛ་རེ་ཡིས་དབུ་འཁྲིད་འོག་ལྐོག་ཟ་རུལ་སུངས་ཀྱི་ལམ་སྲོལ་ལ་འཐབ་རྒོལ་བྱེད་མཁན་ཚོའི་དབར་བསམ་ཚུལ་རྩེ་མཐུན་མ་བྱུང་བའི་རྐྱེན་གྱིས་ད་བར་གྲོས་མོལ་ཐེངས་འགའ་ཤས་གནང་བར་དོན་འབྲས་མ་སོན་པར་བརྟེན། ཨ་ན་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་དེ་རིང་ནས་འགོ་འཛུགས་གནང་རྒྱུ་བྱས་ཡོད་ཀྱང༌། རྒྱ་གར་གཞུང་གིས་ཨ་ན་ཧ་ཛ་རེ་ཡི་ཟས་བཅད་ངོ་རྒོལ་ལས་འགུལ་དེ་ཡིས་སྤྱི་ཚོགས་ནང་རྙོག་ཟིང་ཆེན་པོ་བཟོ་ཉེན་ཡོད་སྐོར་བཤད་དེ་ཐོག་མར་ཟས་བཅད་ངོ་རྒོལ་བྱ་ཡུལ་དེར་ མི་མང་འདུ་འཛོམས་བྱེད་མི་ཆོག་པའི་དམིགས་བསལ་ཛ་དྲག་ཁྲིམས་གཞི་བདམས་པ་དེར་ཨ་ན་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་བརྩི་བཀུར་མ་ཞུས་པར་བརྟེན། དེ་རིང་ཁོང་དང་ཁོང་གི་རྒྱབ་སྐྱོར་བ་མི་གྲངས་ཆིག་སྟོང་ལྷག་ཙམ་ཞིག་རྒྱ་གར་གཞུང་གིས་འཛིན་བཟུང་གིས་ ཉིན་གྲངས་བདུན་རིང་དོ་དམ་བཀག་ཉར་འོག་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག