རྒྱ་གར་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་གྲོས་ཆོད།
2011.09.01
༄༅༎རྒྱ་གར་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་གནང་མཁན་ཨན་ན་ཧ་ཛ་རེ་ཡིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་རྗེས་ སྨན་ཁང་ནང་སྐུ་གཟུགས་དྲག་སྐྱེད་ལེགས་པོ་བྱུང་སྟེ་ དེ་རིང་ཁོང་གི་ཁྱིམ་་་ཕྱིར་ཕེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
དགུང་གྲང་༧༤ཕེབས་པའི་སྐུ་ཞབས་ཨན་ན་ཧ་ཛ་རེ་ཡིས་ རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་་བྱ་ངན་འགོག་ཐབས་སླད་ ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ དུས་ཚོད་ངེས་མེད་བར་གྱི་ཟས་བཅད་ངོ་རྒོལ་གནང་ཡོད་པ་དང་ལས་འགུལ་འདིའི་བརྒྱུད་སྐུ་ཞབས་ཧ་ཛ་རེ་ཡིས་རྒྱལ་ཁབ་ནང་ལྐོག་ཟའི་ལམ་ལུགས་འགོག་ཐབས་ཆེད་ རྒྱ་གར་གྱི་གྲོས་ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་སྲིད་བློན་དང་ཁྲིམས་དཔོན་ དེ་བཞིན་སྲི་ཞུ་བ་མཐོ་དམན་བར་གསུམ་བར་ཞིབ་འཇུག་གི་དབང་ཚད་ཡོད་པའི་རྟོགས་ཞིབ་ལས་ཁུངས་གསར་འཛུགས་བྱ་རྒྱུའི་གྲོས་ཆོད་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་ སྐུ་ཞབས་ཨན་ན་ཧ་ཛ་རེ་ཡི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེར་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་ཆེན་པོས་གནས་ཚུལ་བསྟུད་མར་སྤེལ་བ་དང་ རྒྱ་གར་གྱི་གཞུང་སྲིད་ནང་ལྐོག་ཟའི་་ལམ་ལུགས་རྒྱ་ཁྱབ་འགྲོ་བཞིན་པའི་གནས་ཚུལ་ཡང་ཡོངས་གྲགས་ཕྱིར་འདོན་བྱུང་སྟེ་ ཁོང་གི་ལས་འགུལ་དེར་མི་མང་ཁྲི་ཚོ་མང་པོས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་རེད་ སྲིད་བློན་མན་མོ་ཧན་སིང་མཆོག་གིས་སྐུ་ཞབས་ཧ་ཛ་རེ་ལ་སྲིད་གཞུང་མེད་པའི་རིང་ལུགས་འཛིན་མཁན་གྱི་མིང་ངན་བཏགས་སྟེ་ ཁོང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་སྐབས་ ཐོག་མར་དོ་དམ་འཛིན་བཟུང་བྱས་ཡོད་ཀྱང་ ཕྱིས་སུ་མང་ཚོགས་ཀྱི་སྐུ་ཞབས་ཧ་ཛ་རེ་ཡིས་ལས་འགུལ་ལ་རྒྱབ་སྐྱོར་མངོན་ཐོན་བྱུང་བར་བརྟེན་ ཁོང་གི་དགོས་འདུན་ཁག་ལ་བསམ་ཞིབ་གནང་རྒྱུའི་ཁས་ལེན་གནང་དགོས་བྱུང་ཡོད་པ་དང་ དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་ཐོག་ནས་ཀྱང་ ལྐོག་ཟའི་་ཞིབ་འཇུག་ཚོགས་ཆུང་བསྐོ་བཞག་གནང་རྒྱུའི་གྲོས་ཆོད་ལ་དགོངས་བཞེས་གནང་རྒྱུའི་ཁས་ལེན་གནང་བར་བརྟེན་ དུས་ཡུན་བདུན་ཕྲག་གཉིས་ཀྱི་རྗེས་སུ་ སྐུ་ཞབས་ཧ་ཛ་རེ་ཡིས་བཟས་བཅད་ཀྱི་ལས་འགུལ་མཚམས་འཇོག་གནང་ཡོད་པ་རེད་༎