ཨ་རིས་པ་ཀི་སི་ཐན་ལ་གོ་མཚོན་རོཌ་རམ་བྱས་པར་སེམས་འཚབ།
2010.07.27
༄༅༎ཨ་མི་རི་ཀས་པཀིསི་ཏན་ལ་གོ་མཚོན་ཡོ་ཆས་ཀྱི་རོགས་རམ་སྤྲད་པ་དེ་ཡུལ་དེའི་དགོས་མཁོར་གཞིགས་པ་ཞིག་ཆགས་ཀྱི་མེད་པའི་ཉེན་བརྡ་དང་གོ་མཚོན་དེ་དག་རྒྱ་གར་ལ་བེད་སྤྱོད་བྱེད་པའི་ཉེན་ཁ་ཡོད་སྐོར་རྒྱ་གར་གྱིས་གསུང་ཡོད་པ་རེད་
རྒྱ་གར་གྱིས་གོང་ཞུས་ཀྱི་བློ་འཚབ་དེ་བདུན་སྔོན་མ་དེར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་མཆོག་གིས་ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཇེམ་སི་ཇོན་སི་དང་ཨ་མི་རི་ཀའི་དམག་སྤྱི་སྐུ་ཞབས་མའེཀ་མུ་ལེན་རྣམ་གཉིས་དང་མཇལ་འཕྲད་གནང་སྐབས་བཀའ་མོལ་བྱུང་སྐོར་གསུང་འདུག
རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་མཆོག་གིས་གསར་འགོད་པར་ཨ་མི་རི་ཀས་པཀིསི་ཏན་ལ་དྲག་པོའི་གོ་མཚོན་གྱི་རོགས་རམ་དེ་ཡུལ་དེས་འཇིགས་བསྐུལ་དྲག་སྤྱོིད་པར་ཁ་གཏད་གཅོག་རྒྱུའི་ཆེད་བེད་སྤྱོད་གཏོང་རྒྱུར་གཞིགས་ན་མང་བ་ཆགས་ཀྱི་ཡོད་སྐོར་གསུང་འདུག
ཁོང་གིས་འཕྲུལ་རིག་གི་མཐོ་ཚད་ཧ་ཅང་ཆེ་བའི་དྲག་པོའི་གོ་མཚོན་དེ་དག་རྒྱ་གར་ལ་བེད་སྤྱོད་བྱེད་པའི་ཉེན་ཁ་ཆ་ཚང་ཡོད་སྐོར་རྒྱ་གར་གྱི་པི་ཀྲི་ཨའེ་ཞེས་པའི་གསར་འགྱུར་ལས་ཁང་དེར་གསུང་ཡོད་པ་རེད་
དེ་སྔོན་ཨ་མི་རི་ཀས་པཀིསི་ཏན་ལ་མི་མེད་པའི་གནམ་དམག་གྲུ་ཌོ་རོན་སི་ཞེས་པ་དེ་འདྲ་རོགས་རམ་གནང་སྐབས་རྒྱ་གར་གྱིས་ངོ་རྒོལ་གནང་ཡོད་པ་རེད་ ཨ་མི་རི་ཀའི་ངོས་ནས་པཀིསི་ཏན་གྱི་ཡུལ་དེ་ཨཕ་ག་ནིསི་ཏན་ནང་གི་ཏ་ལི་སྦན་དང་ཨེལ་ཁེ་ཌ་དྲག་པོའི་སྒྲིག་འཛུགས་དེ་དག་ལ་ཁ་གཏད་གཅོག་ཆེད་ཡུལ་དེ་མེད་དུ་མི་རུང་བ་ཞིག་ལ་ངོས་འཛིན་ཐོག་གོང་ཞུས་པཀིསི་ཏན་ལ་དྲག་པོའི་གོ་མཚོན་གྱི་རོགས་རམ་དེ་དག་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད་