རྒྱ་གར་གཞུང་ནས་པ་ཀི་སི་ཐན་ལ་དགོས་འདུན།
2009.06.24
༄༅༎རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལ་སྔར་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ལ་དྲག་རྒོལ་བརྒྱུད་སྐུལ་བྱེད་མཁན་གྱི་བྱེད་གཏེ་ནག་ཅན་པ་རྣམས་འཛིན་བཟུང་བྱེད་དགོས་པའི་དགོས་འདུན་བསྐྱར་དུ་བཏོན་ཡོད་པ་རེད།
དེ་ཡང་རྒྱ་གར་གཞུང་གི་ཁྲིམས་ཁང་གིས་སྔར་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ལ་བརྩམས་པའི་དྲག་རྒོལ་གྱི་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་པ་ཀི་སི་ཐན་གྱི་དྲག་སྤྱོད་པ་ཉི་ཤུ་རྩ་གཉིས་འཛིན་བཟུང་བྱ་དགོས་པའི་སྐོར་དེ་རིང་བཅད་ཁྲ་ཞིག་བཏང་ཡོད་པ་དང་རྒྱ་གར་གཞུང་གིས་ཁྲིམས་ཁང་གི་བཅད་ཁྲ་དེ་བརྒྱུད་པ་ཀི་སི་ཐན་གྱི་གཞུང་ལ་ཁྲིམས་ཁང་གི་བཅད་ཁྲའི་ནང་གསལ་སྔར་ལོ་རྒྱ་གར་ནང་དྲག་རྒོལ་གྱི་དོན་རྐྱེན་དང་འབྲེལ་བའི་མིང་འཁོད་བྱེད་གཏེ་དྲག་སྤྱོད་པ་རྣམས་འཛིན་བཟུང་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
རྒྱ་གར་གཞུང་གི་ཁྲིམས་ཁང་གིས་བཅད་ཁྲའི་ནང་འཛིན་བཟུང་དགོས་པའི་དྲག་སྤྱོད་པའི་བྱེད་གཏེ་གཙོ་བོ་ཞིག་པ་ཀི་སི་ཐན་གྱི་ནང་རྟེན་གཞི་བྱས་པའི་ཇཱ་མཏ་ཨུརྡ་རྡ་ལྦ་ཞེས་པའི་ཚོགས་པའི་འགོ་ཁྲིད་དྲག་སྤྱོད་པ་ཧ་ཕིཛ་མོ་ཧ་མརྡ་ས་ཨིརྡ་ཡིན་པ་དང་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ནང་དྲག་རྒོལ་གྱི་དོན་རྐྱེན་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ཚོགས་ཆུང་གིས་དྲག་སྤྱོད་པ་ཧ་ཕིཛ་མོ་ཧ་མརྡ་ས་ཨིརྡ་དང་ཁོ་པས་འགོ་ཁྲིད་པའི་ཇཱ་མཏ་ཨུརྡ་རྡ་ལྦ་ཚོགས་པ་དེ་ཨེལ་ཁའེ་ཌ་དང་ཊ་ལི་སྦན་དྲག་སྤྱོད་ཚོགས་པ་དང་འབྲེལ་བ་ཡོད་པའི་དྲག་སྤྱོད་པའི་ཐ་གཞུང་ལ་བཅུག་པའི་རྒྱལ་སྤྱིའི་གནོན་ཤུགས་ཀྱི་རྗེས་སྐབས་དེར་པ་ཀི་སི་ཐན་གཞུང་གིས་ཁོ་པ་རེ་ཞིག་འཛིན་བཟུང་གིས་བཙོན་བཅུག་བྱས་ཡོད་ནའང་ཉེ་ཆར་པ་ཀི་སི་ཐན་གྱི་ཁྲིམས་ཁང་གིས་ཁོ་པར་ཉེས་བཙུགས་ལྟར་དཔང་རྟགས་ཁུངས་སྐྱེལ་ཐུབ་ཀྱི་མེད་པའི་རྒྱུ་མཚན་འགྲེལ་བརྗོད་ཀྱིས་ཁོ་པ་གློད་འགྲོལ་བཏང་ཡོད་པ་རེད།
རྒྱ་གར་གཞུང་གིས་ཁོ་པ་གློད་འགྲོལ་བཏང་བའི་ཐད་འཚིག་བཟའ་ཆེན་པོ་གནང་གི་ཡོད་པ་དང་ད་ཆ་པ་ཀི་སི་ཐན་གྱི་གཞུང་ལ་ཁོ་པ་བསྐྱར་དུ་འཛིན་བཟུང་གིས་ཁྲིམས་གཅོད་དགོས་ཀྱི་ཡོད་པའི་གནོན་ཤུགས་འཕར་མ་སྤྲོད་བཞིན་ཡོད་པ་རེད།