རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་གསར་པ་ཞིག་ཚོད་ལྟ་བྱ་རྒྱུ།
2009.02.13
༄༅༎རྒྱ་གར་རྒྱལ་ནང་དུ་བཟོ་སྐྲུན་བྱས་པའི་མེ་ཤུགས་འཕུར་མདེལ་རྒྱང་ཚད་ཀི་ལོ་མི་ཊར་ལྔ་སྟོང་ལྷག་འཕེན་ཐུབ་པ་ཞིག་རྗེས་མའི་ལོ་མཇུག་གོང་ཚོད་ལྟ་བྱ་རྒྱུ་ཡིན་པའི་སྐོར་དེ་རིང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་གསུང་ཡོད་པ་རེད།
མེ་ཤུགས་འཕུར་མདེལ་དེའི་མིང་ལ་ཨག་ནི་ལྔ་པ་ཞེས་འབོད་པ་དང་དེ་སྔོན་བཟོ་སྐྲུན་བྱས་པའི་མེ་ཤུགས་འཕུར་མདེལ་ཨག་ནི་གསུམ་པས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གི་ས་ཁུལ་ནང་འཕེན་ཐུབ་པའི་ཤུགས་ཚད་ཡོད་པ་དེ་ལས་ད་རེས་ཀྱི་མེ་ཤུགས་འཕུར་མདེལ་གསར་པ་དེ་ཡི་ནུས་ཤུགས་ཆེ་བ་དང་རྒྱང་ཚད་ཀྱང་རིང་བར་འཕེན་ཐུབ་པ་ཞིག་ཡིན་ཞིང་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལཱོར་དུ་ཚོགས་པའི་རྒྱ་གར་རྒྱལ་སྤྱིའི་གནམ་གྲུའི་འགྲེམས་སྟོན་གྱི་བྱེད་སྒོའི་ཟུར་དུ་རྒྱ་གར་གྱི་སྲུང་སྐྱོབ་ལྷན་ཁང་གི་ཚན་རིག་སློབ་སྟོན་པ་སྐུ་ཞབས་ཨེམ་ན་ཏ་ར་ཇན་གྱིས་དེ་རིང་གསར་འགོད་པར་རྒྱ་གར་རྒྱལ་ནང་དུ་བཟོ་སྐྲུན་བྱས་པའི་མེ་ཤུགས་འཕུར་མདེལ་གསར་པ་དེ་ཕྱི་ལོ་ཉིས་སྟོང་བཅུའི་ཕྱི་ཟླ་བཅུ་གཉིས་པའི་ནང་ཚུད་ལ་ཚོད་ལྟ་བྱ་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད། དེ་སྔོན་བཟོ་སྐྲུན་ཟིན་པའི་ཨག་ནི་གསུམ་པ་ཞེས་པའི་མེ་ཤུགས་འཕུར་མདེལ་ཡིས་གོ་མཚོན་ལྗིད་ཚད་ཀྲོན་གཅིག་དང་ཕྱེད་ཀ་ལྷག་འཁྱེར་ཐུབ་པ་དང་རྒྱང་ཚད་ཀི་ལོ་མི་ཊར་གསུམ་སྟོང་ལྔ་བརྒྱ་བར་འཕེན་ཐུབ་པའི་ནུས་པ་ལྡན་ཡོད་ཅིང་དེ་སྔོན་རྒྱ་གར་གཞུང་གིས་ཐེངས་གསུམ་ཚོད་ལྟ་བྱས་ཟིན་པ་དང་དེའི་ནུས་པ་རྒྱ་ནག་གི་ས་ཁུལ་གང་དུ་འཕེན་ནའི་གནད་དུ་འཕེན་ཐུབ་པའི་ཤུགས་ཚད་ལྡན་པ་ཞིག་ཡིན་ནའང་ད་ཆ་གསར་དུ་བཟོ་སྐྲུན་བྱེད་བཞིན་པའི་ཨག་ནི་ལྔ་པ་ཞེས་པའི་མེ་ཤུགས་འཕུར་མདེལ་དེར་རིང་ཚད་ཀི་ལོ་མི་ཊར་ལྔ་སྟོང་ལྷག་འཕེན་ཐུབ་པའི་ནུས་པ་ལྡན་ཡོད་པ་དང་ཤུགས་ཚད་དེ་བས་ཆེ་བ་ཡོད་པ་རེད།