རྒྱ་གར་གྱི་དཔལ་འབྱོར་དཀའ་རྙོག་རྣམས་སེལ་ཐབས་སྐོར།
2009.07.26
༄༅༎རྒྱ་གར་གྱི་དཔལ་འབྱོར་དཀའ་རྙོག་རྣམས་སེལ་ཐབས་ནི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་རྒྱུ་མིན་པས་རྒྱ་གར་ནང་གཞུང་གཉེར་དངུལ་ཁང་ཁག་སྒེར་བདག་ཅན་དུ་བསྒྱུར་འཆར་མེད་ལུགས་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་པཱར་ནབ་མུ་ཁར་ཇི་ཡིས་གསུངས་གནང་འདུག
ཕྱི་ལོ་༡༩༦༩ལོར་རྒྱ་གར་གྱི་སྐབས་དེའི་སྲིད་བློན་ཨིན་རྡི་ར་གེན་རྡི་མཆོག་གིས་སྒེར་འཛིན་དངུལ་ཁང་བཞི་བཅུ་གཞུང་བཞེས་བཏང་ཡོད་པར་བརྟེན་རྒྱ་གར་ནང་དཔལ་འབྱོར་ཉམ་རྒུད་འགོག་ཐུབ་པ་བྱུང་ཡོད་ལུགས་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་འདུག རྒྱ་གར་གཞུང་གིས་དངུལ་ཁང་ཁག་གི་མ་རྩ་བརྒྱ་ཆ་ལྔ་བཅུ་ང་གཅིག་དུས་དང་རྣམ་པ་ཀུན་ཏུ་བདག་བཟུང་བྱེད་ཀྱི་རེད་ཅེས་ཚོང་དོན་ལྷན་ཚོགས་ཤིག་དི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་འདུག རྒྱ་གར་ནང་དཔལ་འབྱོར་བཅོས་བསྒྱུར་གཏོང་དགོས་ངེས་ཅན་ཡིན་ཞིང་མི་མང་དཀྱུས་མའི་བདེ་སྡུག་གཙོ་བོར་བཟུང་ནས་བཅོས་བསྒྱུར་གཏོང་གི་རེད་ཅེས་དང་ཡང་བཏང་འཛིན་ཡེ་ནས་མེད་པར་ཁྲོམ་རའི་རང་བཞིན་ཅན་གྱི་དཔལ་འབྱོར་ལམ་ལུགས་ཕྱོགས་སུ་དམིགས་པའི་བཅོས་བསྒྱུར་བྱེད་པ་ནི་ཡང་དག་པ་མིན་ཞིང་དཔལ་འབྱོར་དཀའ་རྙོག་སེལ་བའི་ཐབས་ལམ་ཡང་མིན་པ་རེད་ཅེས་ཁོང་གིས་གསུང་བཤད་གནང་འདུག ཀོང་རེ་སི་ཚོགས་པའི་གཞུང་འཛིན་གྱིས་ཞིང་པ་དང་མཉམ་སྦྲེལ་ཁག་གི་བདེ་སྡུག་ལ་བལྟ་སྐྱོང་བྱེད་དགོས་པའི་སྐོར་ཚོགས་པའི་དབུ་ཁྲིད་སོ་ནི་ཡ་གེན་རྡི་ཡས་མངགས་ཆ་གནང་ཡོད་པས་དེ་ལུགས་ང་ཚོས་ལག་བསྟར་བྱེད་ཀྱི་ཡོད་ཅེས་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་པཱར་ནབ་མུ་ཁར་ཇི་ཡིས་གསུངས་གནང་འདུག ང་ཚོའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་ནང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན་ཞིང་དེའི་ཆེད་གྲོང་གསེབ་ཏུ་གནས་པའི་མི་མང་ལ་འཚོ་རྟེན་འགན་ལེན་ཁྲིམས་ཡིག་གཏན་འབེབས་གནང་ཡོད། ཕྱོགས་མཚུངས་མི་མང་ཉམ་ཐག་ལ་རང་རང་གི་དགོས་མཁོ་ཉོ་སྒྲུབ་བྱ་རྒྱུའི་ནུས་པ་ཇེ་མཐོར་གཏོང་རྒྱུར་དམིགས་པའི་གཞུང་གི་ལས་འཆར་གཏན་འབེབས་གནང་རྒྱུ་ཡིན་ཞིང་དེ་ཐོག་ནས་བཟོ་གྲྭ་ཁག་གིས་ཐོན་སྐྱེད་ཇི་ཡོད་ཚོང་བསྒྱུར་མ་ཐུབ་པའི་དཀའ་ངལ་ཡང་དུས་མཉམ་དུ་སེལ་རྒྱུ་ཡོད་ལུགས་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་པཱར་ནབ་མུ་ཁར་ཇི་ཡིས་གསུངས་གནང་འདུག།