རྒྱ་གར་གྱིས་ཏཱ་ལའི་བླ་མ་བེད་སྤྱོད་གཏོང་མི་ཆོག་ཟེར།
2017.04.17
རྒྱ་ནག་གཞུང་གི་ཁེ་ཕན་ལ་གནོད་སྐྱོན་གཏོང་ཆེད་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་བེད་སྤྱོད་གཏོང་རྒྱུ་མེད་པ་རྒྱ་ནག་གིས་ནན་བརྗོད་བྱས་འདུག
དེ་ཡང་རྒྱ་གར་Tribune གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཟླ་བའི་ཉིན། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang་ཡིས་ཏཱ་ལའི་བླ་མ་(Arunachal)མངའ་སྡེའི་ནང་ཕེབས་པ་དེས། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐོག་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚུལ་བཤད་པ་མ་ཟད། རྒྱ་གར་གཞུང་གིས་རྒྱ་ནག་གཞུང་གི་ཁེ་ཕན་ལ་གནོད་སྐྱོན་གཏོང་རྒྱུའི་སླད་དུ་ཏཱ་ལའི་བླ་མ་བེད་སྤྱོད་གཏོང་རྒྱུ་མེད་པའི་སྐོར་ནན་བརྗོད་བྱས་འདུག་ལ་ད་དུང་ཁོ་པས་རྒྱ་གར་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་ཐད་ཁས་ལེན་བྱས་པ་ཁག་དམ་འཛིན་དགོས་ལུགས་དང་། གལ་ཏེ་དེ་ལྟར་བྱས་ཚེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་
སེལ་རྒྱུའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་རྒྱུ་ཡིན་ལུགས་ཀྱང་བཤད་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པའི་གཏམ་བཤད་དེ་ནི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་མོན་རྟ་དབང་མངའ་ཁུལ་དེ་ནི་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཡང་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནི་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པ་དང་། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐོག་དྲང་བདེན་དང་། རྒྱུ་མཚན་ལྡན་པ། དེ་བཞིན་ཕྱོགས་ཕན་ཚུན་གཉིས་ཀས་ཁས་ལེན་ཐུབ་པའི་ཐག་གཅོད་ཅིག་ཡོང་བའི་ཐབས་ཤེས་མུ་མཐུད་ནས་གནང་གི་ཡོད་སྐོར་གསུངས་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་། གུ་རུ་ཆོས་སྐྱིད།