རྒྱ་གར་ནང་ཕོ་མོ་མཚན་མཐུན་དགའ་རོགས་ཁྲིམས་མཐུན་བཟོས་འདུག
2018.09.06
རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་གར་ནང་ཕོ་མོ་མཚན་མཐུན་གྱི་ཐོབ་ཐང་ད་བར་བཀག་འགོག་བྱེད་བཞིན་པའི་ཁྲིམས་གཞི་ཕྱིར་བསྡུ་བྱས་འདུག
ཕྱི་ཟླ་ ༩ ཚེས་ ༦ རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཕོ་མོ་མཚན་མཐུན་གྱི་ཐོབ་ཐང་ད་བར་བཀག་འགོག་བྱེད་བཞིན་པའི་ཁྲིམས་གཞི་དེ་མེད་པ་བཟོས་ནས་ད་ཕྱིན་མཚན་མཐུན་ལ་སྤྱི་མཚུངས་ཐོབ་ཐང་སྤྲོད་དགོས་པ་ལས་དབྱེ་འབྱེད་སོགས་བྱེད་མི་ཆོག་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་ཆེན་པོ་ཞིག་བྱས་འདུག
རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་སྐུ་ཞབས་དྷི་པཱཀ་མིསྀ་ར་མཆོག་གིས་(Dipark Misra) རྒྱ་གར་དབྱིན་ཇིའི་གཞུང་གིས་ཕྱི་ལོ་༡༨༦༡ལོར་གཏན་བེབས་བྱས་པའི་་ཁྲིམས་གཞི་ཨང་༣༧༧དེ་བཞིན་མཚན་མཐུན་སྤྱི་ཚོགས་ལ་བརྙས་བཅོས་གཏོང་རྒྱུའི་ལག་ཆ་ལྟ་བུར་གྱུར་ཡོད་སྟབས་ཁྲིམས་གཞི་དེ་བཞིན་རྩིས་མེད་དུ་གཏོང་རྒྱུའི་ཐག་ཆོད་གནང་བའི་གསལ་བསྒྲགས་གནང་ཞིང་། རྒྱ་གར་ནང་མཚན་མཐུན་ཕོ་མོ་ཚོར་མང་ཚོགས་ཀྱི་མཐོང་ཆུང་དང་བརྙས་བཅོས་བྱེད་བཞིན་ཡོད་སྟབས་ཁྲིམས་གཞི་དེ་བཞིན་མེད་པ་བཟོ་ཐབས་སུ་མཚན་མཐུན་ཕོ་མོ་ཚོས་ལོ་ངོ་བཅུ་ཕྲག་བརྒལ་བའི་རིང་ལས་འགུལ་སྣེ་མང་སྤེལ་ཡོད་པ་རེད།
ཚེས་༦་ཉིན་ཆེས་མཐོའི་ཁྲིམས་ཁང་གིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐག་ཆོད་དེ་གསལ་བསྒྲགས་གནང་འཕྲལ་རྒྱ་གར་ནང་གི་(Lesbian) དང་(gay) ཞེས་པའི་མཚན་མཐུན་ཕོ་མོ་ཚོས་དགའ་སྟོན་ཤུགས་ཆེ་བྱས་འདུག་ལ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་གནས་ཚུལ་འདི་བཀོད་སྤེལ་ཤུགས་ཆེ་བྱས་འདུག
ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་སྐུ་ཞབས་ མིསྀ་ར་ ལགས་ཀྱིས། མཚན་རྟགས་ཀྱི་ཐོག་ནས་དབྱེ་འབྱེད་དང་ཉེ་རིང་གང་འདྲ་ཞིག་བྱས་ཀྱང་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཞིག་ཡིན་སྟབས་དབྱེ་འབྱེད་བྱས་ན་ཁྲིམས་འགལ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་ཆ་རྒྱ་གར་ཐེ་བའི་རྒྱལ་ཁབ་༡༢༠ཙམ་ཀྱིས་མཚན་མཐུན་འཁྲིག་སྦྱོར་འམ་ལུས་འབྲེལ་བྱེད་མཁན་རིགས་ལ་དབྱེ་འབྱེད་བྱེད་མི་ཆོག་པའི་ཁྲིམས་གཞི་གཏན་འབེབ་བྱས་ཡོད་ཅིང་། ཆོས་ལུགས་དང་རིགས་རུས་ཀྱི་ཐོག་ནས་རྙིང་ཞེན་རིང་ལུགས་ཤུགས་ཆེ་ཡོད་པའི་རྒྱ་གར་སྤྱི་ཚོགས་ནང་ཆོས་ཚོགས་མང་པོས་མཚན་མཐུན་འཁྲིག་སྤྱོད་བྱ་རྒྱུ་སོགས་ལ་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་པར་བརྟེན། མཚན་མཐུན་མཉམ་སྦྱོར་གྱི་ཕོ་མོ་མང་པོར་སྤྱི་ཚོགས་ཐོག་ནས་མཐོང་ཆུང་དང་ཁྱད་གསོས་སོགས་འབྱུང་བཞིན་པར་བརྟེན། མཐུན་རྐྱེན་ལྡན་པའི་མི་དེ་རིགས་མང་པོ་ཞིག་རྒྱ་གར་གྱི་ཕྱི་ལོགས་སུ་འགྲོ་ཐབས་བྱེད་ཀྱི་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།