མོ་ཊའི་དུག་རླངས་མེད་པ་བཟོ་རྒྱུའི་དགོངས་འཆར།
2009.12.01
༄༅༎ཌེན་མཀ་རྒྱལ་ཁབ་ཀྱིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་དམིགས་པའི་མོ་ཊའི་དུག་རླངས་མེད་པ་བཟོ་རྒྱུའི་དགོངས་ཆར་བཏོན་གནང་བ་དེར་དེ་རིང་རྒྱ་གར་གཞུང་གིས་ངོས་ལེན་གནང་མེད་པ་རེད། དེ་ཡང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་རིང་མིན་གཟའ་འཁོར་རྗེས་མའི་ནང་ཌེན་མཀ་ཀྱི་གྱི་རྒྱལ་ས་ཀོ་པེན་ཧ་གེན་དུ་འཛམ་གླིང་གི་དབུ་ཁྲིད་རྣམ་པའི་ལྷན་འཛོམས་གནང་གི་ཡོད་པར་བརྟེན་ནས་ཌེན་མཀ་ཕྱོགས་ནས་རྒྱལ་ཁབ་སོ་སོའི་ནང་ད་ལྟའི་དུག་རླངས་ཀྱི་ཚད་གཞི་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར་ཕྱི་ལོ་༢༠༢༥ནང་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱིས་མོ་ཊའི་དུག་རླངས་མེད་པ་བཟོ་རྒྱུའི་དུས་བཀག་གཏན་འབེབས་བྱ་དགོས་པའི་རེ་འདུན་བཏོན་པ་མ་ཟད། དམིགས་བསལ་འཛམ་གླིང་ནང་གི་བཟོ་ལས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཡར་ཐོན་ཅན་གྱི་རྒྱལ་ཁབ་བར་ད་དུང་ཡང་དུག་རླངས་ཀྱི་ཁྱད་པར་ཆེན་པོ་ཡོད་པའི་སྐོར་གསུངས་ཡོད་པ་རེད། དེར་བརྟེན་དེ་རིང་རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ཇའེ་རཱམ་ར་མེཤ་ཡིས་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས་ཌེན་མཀ་ཀྱིས་བཏོན་པའི་དགོངས་འཆར་དེར་ང་ཚོས་ངོས་ལེན་ཞུ་ཐབས་མེད་པ་གསལ་པོ་རེད་ཅེས་ལན་འདེབས་གནང་ཡོད་པ་དང་གལ་ཏེ་རྒྱ་གར་ཕྱོགས་ནས་མོ་ཊའི་དུ་ཁུང་ནས་དུག་རླངས་འདོན་རྒྱུ་མེད་པའི་མོ་ཊ་མང་དུ་བཏང་བ་ཡིན་ཚེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་དུ་འགྱུར་རྒྱུ་ཡིན་པ་དང་རྒྱ་ནག་ཕྱོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཐོག་ལ་ལས་ཀ་བྱེད་མཁན་སྐུ་ཚབ་ཀྱི་ངོས་ནས་ཌེན་མཀ་ཀྱི་ལྷན་དུ་དགོངས་འཆར་དེའི་ཐོག་ལ་གང་མགྱོགས་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་ལྟར་རྒྱ་གར་ཀྱང་རྒྱ་ནག་གི་ལངས་ཕྱོགས་སུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ད་རེས་གཟའ་མཇུག་ཏུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཞིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཐོག་ཕྱག་ལས་གནང་མཁན་གྱི་སྐུ་ཚབ་བཞི་ལྷན་འཛོམས་ཀྱིས་ཁོང་ཚོས་དུག་རླངས་ཉུང་དུ་གཏོང་ཐབས་ཀྱི་ལས་དོན་ཐོག་ལ་ངེས་པར་དུ་འགན་འཁུར་ཆེ་ཙམ་ལེན་རྒྱུ་ཡིན་པ་ཐག་གཅོད་བྱུང་ཡོད་པ་མ་ཟད། ཉེ་ཆར་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་གལ་ཏེ་འབྱོར་ལྡན་རྒྱལ་ཁབ་ཚོས་རྒྱལ་ཁབ་སྐྱོ་བའི་ནང་དུག་རླངས་ཉུང་དུ་གཏོང་ཐབས་ཀྱི་ལས་དོན་ཐོག་དཔལ་འབྱོར་མང་ཙམ་འགྲོ་གྲོན་གཏོང་ཐུབ་པ་ཡིན་ཚེ་འཛམ་གླིང་གི་དུག་རླངས་ཉུང་དུ་གཏོང་ཐབས་ཀྱི་རྒྱལ་སྤྱིའི་ལས་དོན་ནང་རྒྱ་གར་ཕྱོགས་ནས་མཉམ་ཞུགས་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།