རྒྱ་གར་གྱིས་རྨང་གཞིའི་འཛུགས་སྐྲུན་ཆེད་སྔོན་རྩིས་འབོར་ཆེན་བཞག་པ།
2015.02.28
༄༅༎རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ ཨར་ཇུན་ ཇེཊ་ལི་(Arun Jaitley)མཆོག་གིས། རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་རྨང་གཞིའི་འཛུགས་སྐྲུན་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་སྔོན་རྩིས་འབོར་ཆེན་འཇོག་གནང་མཛད་ཡོད་པའི་གསལ་བསྒྲགས་གནང་འདུག
རྒྱ་གར་གྱི་གཞུང་ལམ་དང་། ཟམ་པ། མཚོ་ཁའི་གྲུ་ཁ་སོགས་ཉམས་ཆག་ཆེན་པོ་ཕྱིན་ཡོད་པ་རྣམས་སླར་གསོ་བྱ་རྒྱུའི་ཆེད་ཨ་སྒོར་འཐེར་འབུམ་༡༡དང་། གྲངས་ཆུང་གསུམ་ཟུར་འཇོག་གནང་ཡོད་པ་རེད། ད་ལྟ་གཞུང་ལམ་ཀི་ལ་མི་ཌར་ཆིག་འབུམ་བཟོ་སྐྲུན་གནང་བཞིན་པ་མཇུག་སྐྱོང་གནང་རྒྱུའི་ཁར། གཞུང་ལམ་འཕར་མ་ ཀི་ལ་མི་ཌར་ཆིག་འབུམ་བཟོ་སྐྲུན་དང་། གློག་འདོན་ཆུ་མཛོད་ལྔ་གསར་རྒྱག་གནང་འཆར་ཡོད་ལུགས་གསུངས་འདུག རྒྱ་གར་གྱི་གྲོས་ཚོགས་ལྷན་ཚོགས་གནང་སྟེ་ལོ་འཁོར་སྔོན་རྩིས་འགོད་ཀྱི་ཡོད་ཅིང་། རྒྱ་གར་གྱི་ལོ་འཁོར་རྩིས་འགོ་ཕྱི་ལོ་༢༠༡༥་ཕྱི་ཟླ་༤་པའི་ཚེས་༡་ནས་ཕྱི་ལོ་༢༠༡༦་ཕྱི་ཟླ་༣་པའི་ཚེས་༣༠་བར་སྔོན་རྩིས་ལོ་འཁོར་བཟུང་གི་ཡོད་པ་རེད། འདི་ལོའི་སྔོན་རྩིས་ཀྱི་དོན་སྙིང་ནི། དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཡོད་ཅིང༌། དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༨་ནས་བརྒྱ་ཆ་༨དང་ཕྱེད་ཙམ་ཡོང་བའི་མངོན་དཔག་གནང་གི་ཡོད་པ་རེད། རྩ་བའི་རྒྱ་གར་གྱི་གཏོང་ཡོང་ཁ་མ་བརྡུམ་པའི་སྔོན་རྩིས་ཀྱི་ལོ་རིམ་བསག་གི་བར་ཁྱད་ནི། ཕྱོགས་བསྡོམས་ཐོན་སྐྱེད་ཀྱི་བརྒྱ་ཆ་༣་དང་གྲངས་ཆུང་༩་བྱེད་པར་ཚོད་དཔག་གནང་ཡོད་ཅིང་། དེ་ནི་ཕྱི་ལོ་༢༠༡༧་དང་༢༠༡༨་ཤར་མཚམས་ གཏོང་ཡོང་ཁ་མ་བརྡུམ་པའི་སྔོན་རྩིས་ཀྱི་ལོ་རིམ་བསག་གི་བར་ཁྱད་བརྒྱ་ཆ་༣་ཙམ་བར་ཉུང་འཁྲི་ཐུབ་པའི་དམིགས་ཚད་བཟུང་གི་ཡོད་པ་རེད། འདས་མ་ཐག་པའི་བར་ཁྱད་ནི། བརྒྱ་ཆ་༤་ལྷག་ཙམ་བྱེད་ཀྱི་ཡོད་པ་རེད། འབྱུང་འགྱུར་གྱི་ལོ་ངོ་བཞིའི་རིང་ཁེ་གཉེར་ལས་ཁང་ཁག་གི་ཡོང་འབབ་ཁྲལ་ད་ཡོད་གཙང་མཁེའི་བརྒྱ་ཆ་༣༠་ལ་བཅོག་ཆ་གནང་སྟེ་བརྒྱ་ཆ་༢༥་བཟོས་གནང་འདུག བདེ་སྲུང་གི་སྔོན་རྩིས་འཆར་གཞི་ལ་ཧིན་སྒོར་ཁྲག་ཁྲིག་ཆེ་མོ་༢་དང་གྲངས་༢༩་ལ་གཏན་འབེབས་གནང་འདུག དེ་ནི་གཙོ་བོ་རྒྱ་ནག་གི་བདེ་སྲུང་སྔོན་རྩིས་སྤར་ཆ་ཆེན་པོ་བྱེད་བཞིན་པར་ཁ་གཏད་བཅོག་ཆེད་ཡིན་པར་ཉམས་ཞིབ་པས་གསུངས་འདུག མདོ་དོན་འབྱུང་འགྱུར་གྱི་ལོ་ལྔའི་ནང་།དཔལ་འབྱོར་འཕེལ་རྒྱས་དང་མ་རྩ་འཛུགས་འཇོག་གང་མང་ཡོང་ཐབས་དམིགས་འགྱངས་རིང་པོ་ཡོད་པའི་སྔོན་རྩིས་འཆར་གཞི་བཏིང་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།།
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།