རྒྱ་གར་དུ་རྒྱལ་སྤྱིའི་རྩེད་འགྲན་འགོ་འཛུགས་ལམ་ལྷོང་བྱུང་བ།
2010.10.04
༄༅༎འདས་པའི་ཟླ་ཤས་རིང་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་མཐུན་ཚོགས་ཀྱི་རྩེད་འགྲན་ཆེན་མོའི་མགྲོན་བདག་རྒྱ་གར་གྱིས་རྕེད་འགྲན་གྱི་གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་བྱེད་ཐུབ་མེད་པའི་སྐྱོན་བརྗོད་གསར་ཤོག་ཁག་གི་ནང་མང་པོ་ཞིག་ཐོན་ཡོད་ནའང༌། དངོས་གཞིའི་རྩེད་འགྲན་འགོ་འཛུགས་ཀྱི་མཛད་སྒོ་དེ་གཟི་བརྗིད་ལྡན་པ་ཞིག་གནང་ཡོད་སྐོར་རྒྱ་གར་གྱི་གསར་ཤོག་ཁག་ནང་གནས་ཚུལ་རྒྱ་ཆེ་བཀོད་འདུག།
ཐོག་མའི་སྐབས་སུ་རྒྱ་གར་གྱིས་གོང་ཞུས་རྩེད་འགྲན་ཆེན་མོའི་གྲ་སྒྲིག་དང་འབྲེལ་བའི་ལས་དོན་ཁག་ཚག་ཚུད་བྱེད་ཀྱི་མེད་པ་དང༌། ལས་དོན་ཁག་ལ་དུས་འགྱངས་དང་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་གྲངས་ལས་འདས་པ་ཞིག་བྱས་ཡོད་ནའང༌། དངོས་གཞིའི་འགོ་འཛུགས་མཛད་སྒོ་དེ་ཉེས་སྐྱོན་ཕྲ་མོ་ཙམ་ཡང་མེད་པར་གཟི་བརྗིད་ལྡན་པའི་སྒོ་ནས་གནང་ཐུབ་པ་བྱུང་བ་དེ་ནི་རྒྱ་གར་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་ཞིག་ལ་གྱུར་ཡོད།
རྒྱ་གར་གྱི་གསར་ཤོག་The Indian Expressགི་མདུན་ཤོག་ཐོག། རྒྱ་གར་གྱིས་རྩེད་འགྲན་འགོ་འཛུགས་ཡག་པོ་བྱས་པ་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཞིག་སྤེལ་ཡོད་པའི་ནང༌། འགོ་ཡག་པོ་བཙུགས་པ་ནང་བཞིན་མཇུག་སྐྱོང་ཡག་པོ་བྱེད་ཐུབ་མིན་ད་ནས་ཉི་མ་འགའ་ཤས་ནང་ཤེས་རྟོགས་ཡོང་གི་རེད་ཅེས་གནས་ཚུལ་བཀོད་འདུག།
དེ་བཞིན་རྒྱ་གར་གྱི་The Hindustan Timesགསར་ཤོག་གིས་ཀྱང་རྩེད་འགྲན་འགོ་འཛུགས་ཀྱི་མཛད་སྒོ་དེ་ ངོ་མཚར་ཅན་གྱི་འགོ་འཛུགས་ཞེས་འགྲེལ་བརྗོད་གནང་བཞག། དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་མཐུན་ཚོགས་ཀྱི་རྩེད་འགྲན་ཆེན་མོའི་འགོ་འཛུགས་མཛད་སྒོ་དེ་རྒྱལ་ས་ལྡི་ལིའི་ནང་གི་Jawaharlal Nehruརྩེད་ཁང་ཆེན་མོའི་ནང་གནང་ཡོད་ཅིང༌། མཛད་སྒོ་དེའི་ཐོག་ལྟད་མོ་བ་མི་གྲངས་ཁྲི་དྲུག་མཉམ་ཞུགས་གནང་ཡོད་པ་མ་ཚད། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་བརྙན་འཕྲིན་ཐོག་མི་གྲངས་ཐེར་འབུམ་གཅིག་ལྷག་ཙམ་གྱིས་ཉིན་གྲངས་༡༡རིང་ཚུགས་རྒྱུའི་རྩེད་འགྲན་འགོ་འཛུགས་མཛད་སྒོ་དེ་བལྟས་ཡོད་པ་རེད།