རྒྱ་གར་གྱིས་རྡུལ་ཕྲན་གློག་ཤུགས་མཁོ་འདོན་བྱེད་རྒྱུ།
2009.08.25
༄༅༎རྒྱ་གར་གྱི་རྡུལ་ཕྲན་ལས་དོན་གྱི་སྤྱི་ཁྱབ་པས་ཕྱི་ལོ་ཉིས་སྟོང་ལྔ་བཅུ་ཚུན་ཆད་རྒྱ་གར་གྱི་གློག་ཤུགས་བརྒྱ་ཆ་ལྔ་བཅུ་ཙམ་རྡུལ་ཕྲན་གློག་ཤུགས་ཀྱི་ཐོག་ནས་མཁོ་འདོན་བྱེད་ཐུབ་རྒྱུ་ཡིན་པ་གསུངས་འདུག
ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཨ་མི་རི་ཀས་རྒྱ་གར་ལ་ཞི་བའི་ལས་དོན་ཐད་ཀྱི་རྡུལ་ཕྲན་འཕྲུལ་རིག་ཚོང་བསྒྱུར་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་འདས་པའི་ལོ་མང་པོའི་རིང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་མ་བྱས་པར་ཟུར་ཕུད་ཁེར་རྐྱང་དུ་འཇོག་ཐབས་ཀྱི་བྱ་སྤྱོད་དེ་མཇུག་བསྒྲིལ་ཡོད་པ་རེད།
ད་ལྟའི་སྐབས་རྒྱ་གར་གྱི་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་གློག་ནས་མཁོ་འདོན་བརྒྱ་ཆ་གསུམ་ཙམ་ཡིན་ཞིང་འོན་ཀྱང་རྒྱ་གར་གྱི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་གི་ཚོགས་གཙོ་ཨ་ནིལ་ཀ་ཀོ་རྡར་གྱིས་གལ་ཏེ་ང་ཚོས་ང་ཚོར་ཡོད་པའི་ནུས་པ་དམིགས་བསལ་ཅན་འདི་དག་ལམ་ལྷོངས་ལྡན་པའི་ཐོག་ནས་བེད་སྤྱོད་བྱེད་ཐུབ་ཚེ་ཕྱི་ལོ་ཉིས་སྟོང་ལྔ་བཅུ་ཚུན་ཚད་གློག་ནུས་བརྒྱ་ཆ་ལྔ་བཅུ་ཙམ་རྡུལ་ཕྲན་ལ་བརྟེན་སྟེ་མཁོ་འདོན་བྱེད་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་པ་ཨེ་ཤེ་ཡེན་ནིའུ་ཁི་ལིཡར་ཨེ་ནར་ཇི་ཟེར་བའི་དུས་དེབ་དེས་ལུང་འདྲེན་བྱས་འདུག
རྒྱ་གར་གྱི་ད་ལྟའི་ནུས་པའི་འབྱུང་ཁུངས་ཆེ་ཤོས་ནི་རྡོ་སྣུམ་ལ་བརྟེན་པ་ཞིག་ཡིན་ཞིང་རྡོ་སྣུམ་བརྒྱ་ཆ་བདུན་བཅུ་དོན་གཉེར་ཙམ་ཕྱི་ཕྱོགས་ནས་ཉོ་དགོས་ཀྱི་ཡོད་པ་རེད།
རྒྱ་གར་ནི་དེང་སྐབས་འཛམ་གླིང་ཡུལ་གྲུ་ཁག་གི་ནང་ནས་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཚད་མྱུར་ཤོས་འགྲོ་མཁན་གྱི་རྒྱལ་ཁབ་ཞིག་ཡིན་ཞིང་རྒྱལ་ཁབ་ཀྱི་ནང་གློག་ནུས་མི་འདེང་པའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད།
རྒྱ་གར་ལ་རྡུལ་ཕྲན་གློག་ཤུགས་མཁོ་འདོན་ཁང་བཅུ་བདུན་ཙམ་ཡོད་པ་ནས་ད་ལྟའི་སྐབས་གློག་ཤུགས་མེ་ག་ལྦཏ་སི་༤༡༢༠ཙམ་མཁོ་བཏོན་ཐུབ་ཀྱི་ཡོད་ཅིང་དེང་དུས་ཅན་གྱི་རྡུལ་ཕྲན་འཕྲུལ་རིག་བེད་སྤྱད་སྟེ་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ཚུན་ཆད་གློག་ཤུགས་མེ་ག་ལྦཏ་སི་ཆིག་ཁྲི་ཙམ་མཁོ་འདོན་ཐུབ་ཡིན་པ་རྒྱ་གར་གྱི་རྡུལ་ཕྲན་ནུས་ཤུགས་ལྷང་ཁང་གི་ཚོགས་གཙོ་ཀ་ཀོ་རྡར་གྱིས་གསུངས་འདུག སྐུ་ཞབས་ཀ་ཀོ་རྡར་ནི་ཨ་མི་རི་ཀས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིག་ཚོང་བསྒྱུར་ཡོང་རྒྱུར་གྲོས་མོལ་གནང་མཁན་གཙོ་བོ་དེ་ཡིན་པ་རེད།