འབར་མའི་སྲིད་འཛིན་རྒྱ་གར་དུ་གཞུང་དོན་འཚམས་འདྲི།

འབར་མའི་སྲིད་འཛིན་རྒྱ་གར་གྱི་རྒྱལ་ས་སྡི་ལིར་གཞུང་དོན་ཕྱོགས་ཕེབས་ལ་འབྱོར་སྐབས་རྒྱ་གར་གཞུང་གིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག

2011.10.14

༄༅༎འབར་མའི་སྲིད་འཛིན་ཐེཨིན་སེན་རྒྱ་གར་གྱི་རྒྱལ་ས་སྡི་ལིར་ཉིན་གསུམ་རིང་གཞུང་དོན་ཕྱོགས་ཕེབས་ལ་འབྱོར་སྐབས་རྒྱ་གར་གཞུང་གིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག    འབར་མའི་སྲིད་འཛིན་ཐེཨིན་སེན་ནི། དེ་སྔོན་དམག་སྤྱི་ཡིན་ཡང་ཉེ་སྔོན་རྩོད་གཞི་ཅན་གྱི་རྒྱལ་ཡོངས་འོས་བསྡུའི་རྗེས་སུ་སྲིད་འཛིན་གོ་གནས་བཟུང་བ་ཡིན་པ་རེད། ཁོང་གིས་སྡི་ལིར་མ་ཕེབས་གོང་ཕྱོགས་འགལ་ཚོགས་པའི་སྲིད་དོན་མི་སྣ་ཉིས་བརྒྱ་སྐོར་བཙོན་གྲོལ་བཏང་སྟེ་ཕྲན་བུ་གུ་ཡངས་སྲིད་བྱུས་བཟུང་འཆར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།    རྒྱ་གར་རྒྱ་ས་སྡི་ལིར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་ཡོད་པ་མ་ཟད། འགོ་ཁྲིད་གཞན་ཁག་ཀྱང་མཇལ་འཕྲད་གནང་གི་ཡོད་པ་རེད།    དེ་སྔོན་སྲིད་དབང་གཅིག་སྡུད་འབར་མའི་དྲག་པོའི་སྲིད་གཞུང་ལ་རྒྱ་ནག་ཕུད་པའི་རྒྱལ་སྤྱིའི་ཡུལ་གྲུ་ཕལ་མོ་ཆེས་སྐྱོན་བརྗོད་དང་དཔལ་འབྱོར་བཀག་སྡོམ་གནང་ཡོད་ཀྱང་ཉེ་ལམ་འབར་མའི་སྲིད་འཛིན་ཐེཨིན་སེན་ཡིས་འབར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་བ་མ་ཟད། སྲིད་དོན་བཙོན་པ་ཉིས་བརྒྱ་གློད་གྲོལ་བཏང་བ་དང་། ད་དུང་བཅོས་བསྒྱུར་གཏོང་རྒྱུའི་ལས་འཆར་ཡོད་ལུགས་ཕྱི་བསྒྲགས་གནང་ཡོད་པ་རེད།   
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པ་སྦན་ཀི་མུན་དང་། ཨ་མེ་རི་ཁ་སོགས་ཀྱིས་འབར་མའི་གཞུང་གིས་སྲིད་དོན་བཙོན་པ་ཉིས་བརྒྱ་གློད་གྲོལ་བཏང་བར་དགའ་བསུ་ཞུས་ཡོད་ཀྱང་ད་དུང་སྲིད་དོན་བཙོན་པ་ཉིས་སྟོང་སྐོར་བཙོན་ཁང་ནང་ཡོད་པ་དེ་དག་ཡོངས་རྫོགས་གློད་གྲོལ་གཏོང་དགོས་ལུགས་གསུངས་ཡོད་པ་རེད།   
འབར་མའི་གཞུང་གིས་འབར་མའི་མི་མང་གི་མངོན་འདོད་འགྲུབ་པ་ནི་གོམ་སྟབས་གལ་ཆེ་ཞིག་ཏུ་གཟིགས་ཀྱི་འདུག་ཀྱང་ད་དུང་སྲིད་དོན་བཙོན་པ་འཕོན་ཆེ་ཡོད་པ་དེ་དག་ཚང་མ་གློང་གྲོལ་གཏོང་དགོས་ཀྱི་རེད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་གྱིས་གསུངས་གནང་འདུག ཡང་ཉེ་ལམ་འབར་མའི་གཞུང་གིས་རྒྱ་ནག་ནས་དངུལ་གྲོན་བཏང་སྟེ་རྩོད་གཞི་ཅན་གྱི་ཆུ་མཛོད་གསར་རྒྱག་ལས་གཞི་དེ་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་པར་འབར་མའི་མང་གཙོའི་དབུ་ཁྲིད་ཨོང་སན་སུ་ཆི་ཡིས་གོམ་གང་མདུན་སྤོས་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་འབར་མའི་གཞུང་དང་འབྲེལ་ལམ་གཏིང་ཟབ་བྱས་ཏེ་ཚོང་འབྲེལ་ཁེ་ཕན་འབྱུང་ཐབས་བྱས་པར་བརྟེན་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གཞུང་གིས་འབར་མའི་གཞུང་དང་གང་ཅིའི་འབྲེལ་ལམ་རྒྱ་ཆེ་རུ་གཏོང་ཐབས་གནང་བཞིན་པ་རེད།    འབར་མ་དང་རྒྱ་ནག་དབར་སྔར་ལོའི་ཚོང་འབྲེལ་མ་གནས་བསྡོམས་འབོར་ཨ་སྒོར་ཐེར་འབུམ་ ༤ དང་ཕྱེད་ཙམ་བྱེད་ཀྱི་ཡོད་ཀྱང་ལོ་དེ་གའི་ནང་འབར་མ་དང་རྒྱ་གར་དབར་གྱི་ཚོང་འབྲེལ་མ་གནས་བསྡོམས་འབོར་ཨ་སྒོར་གཅིག་ལྷག་ཙམ་ལས་བྱེད་ཀྱི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎