ཆེད་མཁས་པའི་གྲོས་མོལ་བརྒྱུད་རྒྱ་དཀར་ནག་བར་ཆུ་དང་འབྲེལ་བའི་གནས་ཚུལ་བརྗེ་ལེན་བྱ་རྒྱུའི་ཐོག་མོས་མཐུན་བྱུང་འདུག
རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་དཔོན་རིགས་ཚོགས་འདུའི་སྐབས་རྒྱ་གར་གྱི་གནས་སྐོར་བ་གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་དང་། རྒྱ་དཀར་ནག་བར་ཐད་ཀར་གནམ་གྲུ་མུ་མཐུད་རྒྱུ། ཆུ་བོ་དང་ཆུ་རགས་འཛུགས་སྐྲུན་སོགས་དང་འབྲེལ་བའི་གནས་ཚུལ་བརྗེ་ལེན་བྱ་རྒྱུ་མཚོན་པའི་གནད་དོན་ཁག་ཅིག་ཐོག་མོས་མཐུན་བྱུང་འདུག
དེ་ཡང་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བིཀ་རམ་མི་སི་རི་ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལྷན་ཁང་གི་གཙོ་འཛིན་ལིའུ་ཅེན་ཚའུ་དང་ཐུག་འཕྲད་གནང་སྟེ། རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་བཟང་དུ་གཏོང་ཆེད་དོན་ཚན་ཁག་ཅིག་ཐོག་གྲོས་བསྡུར་གནང་ཡོད་པ་དང་། གྲོས་མོལ་གྲུབ་མཚམས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གར་གྱི་གནས་སྐོར་བ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་འདི་ལོའི་དབྱར་ཁ་ནས་གཏང་རྒྱུ་དང་། རྒྱ་གར་དང་རྒྱ་ནག་གཉིས་དབར་ཐད་ཀར་གནམ་གྲུ་མུ་མཐུད་རྒྱུ། དེ་བཞིན་ཆེད་མཁས་པའི་གྲོས་མོལ་བརྒྱུད་ཆུ་བོ་དང་ཆུ་རགས་འཛུགས་སྐྲུན་སོགས་དང་འབྲེལ་གནས་ཚུལ་བརྗེ་ལེན་བྱ་རྒྱུ་སོགས་དོན་ཚན་ཁག་ཅིག་ཐོག་མོས་མཐུན་བྱུང་ཡོད་པ་འཁོད་འདུག
རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation) གི་ཉམས་ཞིབ་པ་ཀལ་པིཏ་མན་ཀི་ཀར་ (Kalpit Mankikar) ལགས་ཀྱིས་རྒྱ་ནག་ངོས་ནས་མཐོ་རིམ་གྲོས་མོལ་ཚོགས་འདུ་དེ་ལྟ་བུ་ཞིག་བསྐོང་ཚོགས་གནང་བ་དེས་ཡར་ཀླུང་གཙང་པོའི་སྟེང་རྒྱག་འཆར་ཡོད་པའི་ཆུ་རགས་ཀྱི་གནད་དོན་མཚོན་པའི་རྒྱ་གར་གྱི་བློ་འཚབ་བྱ་ཡུལ་གྱི་གནད་དོན་ཁག་ལ་རྒྱ་ནག་ཕྱོགས་ནས་ཁ་ཡ་བྱེད་འདོད་ཡོད་པ་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
དེ་མཚུངས་ཚོགས་འདུའི་རྗེས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡིས་ནས། རྒྱ་གར་དང་རྒྱ་ནག་བར་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་གཏོང་དགོས་པ་ལས་དོགས་གཟོན་བྱ་རྒྱུ་མེད་སྐོར་བརྗོད་ཡོད། འོན་ཀྱང་འདས་པའི་རྒྱ་ནག་གི་བྱེད་བབ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ས་མཚམས་སུ་ཧམ་འཛུལ་བྱས་པ་སོགས་ལ་བརྟེན་ནས་རྒྱ་ནག་ནི་ཡིད་ཆེས་རུང་བ་ཞིག་མིན་ཞེས་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་ཀལ་པིཏ་མན་ཀི་ཀར་ (Kalpit Mankikar) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་བྱུང་།
དེ་བཞིན་ཁོང་གིས་མཐུ་མཐུད་རྒྱ་ནག་གཞུང་གིས་བོད་ནང་ཡར་ཀླུང་གཙང་པོའི་སྟེང་དུ་འཛམ་གླིང་སྟེང་གི་ཆུ་རགས་ཆེ་ཤོས་ཤིག་རྒྱག་འཆར་ཡོད་པ་དེའི་སྐོར་ཁྱིམ་མཚེས་རྒྱལ་ཁབ་ལྷན་དུ་གྲོས་བསྡུར་མེད་པར་གསལ་བསྒྲགས་བྱས་ཡོད་པ་དང་། དོན་དངོས་ཐོག་རྒྱ་ནག་གཞུང་ནས་གཤམ་འོག་རྒྱལ་ཁབ་ཚོའི་བདེ་འཇགས་དང་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་པ་གསུངས་སོང་།
ཆུ་རགས་འཛུགས་སྐྲུན་དང་འབྲེལ་ཏེ་ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་ཁོར་ཡུག་དང་བདེ་འཇགས་ཞེས་པའི་ཚོགས་འདུའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པ་དེར་བློ་འཚབ་བསྟན་ཡོད་པ་མ་ཟད། རྒྱ་ནག་ནི་རྒྱ་གར་དང་ཧི་མ་ལ་ཡའི་ཁོར་ཡུག་དང་བདེ་འཇགས་ཉེན་ཁ་ཆེན་པོ་ཡིན་པ་ནན་བརྗོད་གནང་འདུག །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།