རྒྱ་དཀར་ནག་གཉིས་བར་མཐའ་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱེད་རྒྱུའི་མོས་མཐུན་བྱུང་འདུག
རྒྱ་གར་དང་རྒྱ་ནག་ཕྱོགས་གཉིས་བར་ཧི་མ་ལ་ཡའི་ནུབ་ཕྱོགས་སུ་ཡོད་པའི་མཐའ་མཚམས་ཀྱི་དམག་མི་རྣམས་རིམ་བཞིན་ཕྱིར་འཐེན་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག
དེ་ཡང་འཕགས་བོད་མཐའ་མཚམས་ས་ཁུལ་དུ་ཞི་བདེ་ལྷིང་འཇགས་ཡོང་བར་དམིགས་ནས་རྒྱ་གར་དང་རྒྱ་ནག་ཕྱོགས་གཉིས་ཀྱིས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་ནས། ཧི་མ་ལ་ཡའི་ནུབ་ཕྱོགས་སུ་ཆགས་པའི་(Gogra-Hotsprings)་ས་མཚམས་ཁུལ་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཕྱོགས་གཉིས་ཀྱིས་མོས་མཐུན་བྱུང་བ་གཟའ་ཕུར་བུ་ཉིན་རྒྱ་གར་གཞུང་གིས་གསལ་བསྒྲགས་སྤེལ་འདུག
གསལ་བསྒྲགས་དེ་བཞིན་གཟའ་འཁོར་རྗེས་མ་(Uzbekistan)་དུ་འཚོགས་འཆར་ཡོད་པའི་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཚོགས་ཆེན་མ་འཚོགས་པའི་སྔ་རོལ་དུ་སྤེལ་བ་ཞིག་དང་། ཚོགས་འདུ་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིན་བློན་ན་རན་དྷ་མོ་དྷི་གཉིས་ཚོགས་བཅར་གནང་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་རེད།
ལོ་གཉིས་ཀྱི་གོང་འཕགས་བོད་ས་མཚམས་ལ་དྭགས་ས་ཁུལ་གྱི་གྷལ་ཝན་ཡུལ་དུ་རྒྱ་གར་དང་རྒྱ་ནག་གི་ས་མཚམས་དམག་མིའི་བར་འཁྲུག་འཛིང་ཤོར་ནས་ཉུང་མཐར་ཡང་རྒྱ་གར་གྱི་དམག་མི་༢༠དང་། རྒྱ་ནག་གི་དམག་མི་བཞིའི་ཚེ་སྲོག་ཤོར་བའི་རྐྱེན་གྱིས་གནས་སྟངས་ཛ་དྲག་དུ་ཕྱིན་པ་མ་ཟད། ཡུལ་གཉིས་ཀྱི་ཕྱི་འབྲེལ་ཐད་དོ་ཕོག་ཆེན་པོ་ཐེབས་ཡོད་པས་རྒྱ་གར་གཞུང་གིས་རྩོད་གཞི་ཅན་གྱི་ལ་དྭགས་ས་ཁུལ་གྱི་མཐའ་མཚམས་སུ་དམག་མི་ཁྲི་ལྔ་འགྲེམས་འཇོག་བྱས་ཏེ་རྒྱ་ནག་གཞུང་དང་ཁ་གཏད་གདོང་ལེན་བྱེད་བཞིན་ཡོད་པ་རེད།
༢༠༢༡ལོའི་སྤྱི་ཟླ་༢པའི་ནང་། རྒྱ་དཀར་ནག་ཕྱོགས་གཉིས་ཀྱིས་མོས་མཐུན་གྱི་ཐོག་ནས་ལ་དྭགས་སྤང་མགོ་མཚོའི་འགྲམ་དུ་རྒྱ་དམག་གིས་གསར་རྒྱག་བྱས་པའི་ཁང་པའི་སྒྲོམ་གཞི་བཅུ་གྲངས་ཙམ་གཏོར་བཤིག་བཏང་ཡོད་པ་དང་། རླངས་འཁོར་མང་པོ་ཕྱིར་ཕུད་བྱས་པ། འཕགས་བོད་ས་མཚམས་སུ་ས་འབྲེལ་སྤྱི་ལེ་༣༨༠༠ཙམ་ས་ཐིག་གསལ་པོ་དབྱེ་འབྱེད་མེད་ལ། སྔོན་མཐའ་མཚམས་སུ་དམག་མི་ཕན་ཚུན་བར་ལ་གནད་དོན་ཇི་འདྲ་ཞིག་བྱུང་ཡང་མེ་མདའ་འཕེན་རེས་མེད་པའི་འགྲོ་ལུགས་དེ་ཡུན་རིང་ནས་བརྩི་སྲུང་བྱས་ཡོད་པ་རེད།
ད་རེས་ཕྱོགས་གཉིས་པོའི་མཐའ་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱེད་རྒྱུའི་མོས་མཐུན་བྱུང་བ་ནི། དུས་ཡུན་རིང་པོར་རྒྱ་དཀར་ནག་གཉིས་ཀྱི་མཐོ་རིམ་དམག་དཔོན་བར་ཚོགས་འདུ་ཐེངས་༡༦ཚོགས་པའི་རྗེས་ནས་ཐག་གཅོད་བྱས་པ་ཞིག་རེད་ཅེས་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་འདུག
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།