རྒྱ་གར་གྱི་མཐའ་མཚམས་དམག་མི་ཚོར་བོད་རིག་པའི་བསླབ་གཞི་སློབ་ཁྲིད་བྱེད་བཞིན་འདུག

2022.07.18
རྒྱ་གར་གྱི་མཐའ་མཚམས་དམག་མི་ཚོར་བོད་རིག་པའི་བསླབ་གཞི་སློབ་ཁྲིད་བྱེད་བཞིན་འདུག རྒྱ་གར་གྱི་མཐའ་མཚམས་དམག་མི་ཚོར་བོད་རིག་པའི་བསླབ་གཞི་སློབ་ཁྲིད་བྱེད་བཞིན་ཡོད་པ།
མཐུན་འགྱུར་པར་རིས།

རྒྱ་གར་གྱི་མཐའ་མཚམས་དམག་མི་ཚོར་བོད་རིག་པའི་བསླབ་གཞི་སློབ་ཁྲིད་བྱེད་བཞིན་པ་དེས་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་ཕན་ཐོགས་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
ད་བར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་རིམ་པར་བྱུང་བཞིན་ཡོིད་པའི་ཁྲོད། ཉེ་ལམ་ནས་རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་སུ་བཅའ་སྡོད་བྱེད་བཞིན་པའི་རྒྱ་གར་གྱི་དམག་དཔོན་དང་མཐའ་སྲུང་དམག་མི། དེ་བཞིན་གཞུང་འབྲེལ་མི་སྣ་བཅས་ལ། བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག བོད་ཀྱི་ས་ཁམས་ཆགས་ཚུལ་བཅས་བོད་རིག་པའི་བསླབ་གཞི་སློབ་ཁྲིད་ལག་བསྟར་བྱེད་མུས་ཡིན་པ་རེད།
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆགས་པའི་དབུས་ཧི་མ་ལ་ཡའི་རིག་གཞུང་སློབ་གཉེར་ཁང་(Central Institute of Himalayan Cultural Studies)་གི་ནང་ཉིན་གྲངས་༤༢རིང་རྒྱ་གར་གྱི་མཐའ་སྲུང་དམག་མི་དང་དཔོན་རིགས་སོགས་མི་གྲངས་༤༠ཙམ་ལ་བོད་རིག་པའི་བསླབ་གཞི་སློབ་ཁྲིད་གནང་སྟེ། ཉེ་ལམ་མཇུག་སྒྲིལ་གནང་འདུག་ཅིང་། འབུམ་ལྡེ་ལ་དགོན་པའི་མཁན་རིན་པོ་ཆེ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས། བོད་བརྒྱུད་ནང་བསྟན་གྱི་གལ་གནད་དང་། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སོགས་ཀྱི་སྐོར་སློབ་ཁྲིད་གནང་འདུག
རྒྱ་གར་དབུས་གཞུང་གིས། གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་མོན་པ་དང་རྒྱ་གར་མི་དམངས་ལ་ཆོས་ཕྱོགས་ཀྱི་སྲི་ཞུ་བསྒྲུབས་པའི་མཛད་རྗེས་ལ་བསྔགས་བརྗོད་གྱིས། ༢༠༢༢་ལོའི་སྤྱི་ཟླ་༣པའི་ནང་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་གྲས་ཏེ་(Padma Shri) ཕུལ་ཡོད་པ་རེད།
ཡང་ཐེངས་འདིར་མཇུག་སྒྲིལ་གནང་བའི་བོད་རིག་པའི་བསླབ་གཞི་སློབ་ཁྲིད་ཀྱི་ལས་གཞི་དེའི་ནང་། བོད་གནས་ཉམས་ཞིབ་པ་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་(Claude Arpi)་ ལགས་ཀྱིས། བོད་རང་བཙན་ཡིན་པའི་སྐབས་ཀྱི་གནས་བབ་དང་། ད་ལྟའི་ས་མཚམས་ཀྱི་སྐོར་སློབ་ཁྲིད་དང་གཏམ་བཤད་གནང་འདུག ཁོང་གིས། རྒྱ་གར་གཞུང་གིས། འདི་ལྟ་བུའི་ལས་གཞི་འགོ་འཛུགས་གནང་བ་དེས་རྒྱ་གར་གྱི་མཐའ་སྲུང་དམག་མིར་ཁེ་ཕན་ཙམ་མིན་པར། ལ་དྭགས། འབྲས་ལྗོངས། དེ་བཞིན་ཨུ་ཏར་ཁན་བཅས་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དུ་འཛིན་སྐྱོང་དང་འབྲེལ་བའི་ཕྱག་ལས་གནང་མཁན་དཔོན་རིགས་ཚོ་ལ་ཡང་ཕན་ཐོགས་ཡོང་ངེས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
འབྱུང་འགྱུར་རྒྱ་གར་གྱི་དམག་མི་ཚོར་ཧིན་བོད་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བའི་ཐག་གཅོད་སྟབས་བདེ་བཟོ་རྒྱུའི་ཆེད་དུ་ལས་གཞི་དེ་བཞིན་འགོ་འཛུགས་གནང་བ་ཞིག་ཡིན་པ། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ད་དུང་ཁོང་གིས། ལས་གཞི་དེ་ནི་དེ་སྔོན་༢༠༢༠ལོར་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་དྲག་པོ་བྱུང་བའི་རྗེས་འབྲས་སུ། རྒྱ་གར་གཞུང་གིས་ལག་བསྟར་བྱས་འགོ་འཛུགས་ཡོད་པ་འགྲེལ་བརྗོད་གནང་ཞིང་། ལྷག་པར་དུ་མཐའ་སྲུང་བ་ཚོས་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་རིག་གཞུང་བཅས་ལ་རྒྱུས་ལོན་ཐུབ་པ་ཡིན་ཚེ། ཕྱོགས་ཡོངས་ལ་ཕན་ཐོགས་ཡོང་ངེས་ཡིན་ཞེས་གསུངས་བྱུང་།
བོད་རིག་པའི་བསླབ་གཞི་སློབ་ཁྲིད་ལས་གཞི་དེ་ནི། དེ་སྔོན་སྤྱི་ལོ་༢༠༢༡ལོའི་འགོ་སྟོིད་ཙམ་ནས་འགོ་འཛུགས་གནང་འདུག་ཅིང་། དེ་ཡང་རྒྱ་གར་དམག་དཔུང་སྦྱོང་བརྡར་བཀོད་འདོམ་ལས་ཁུངས་དང་། འབྲས་ལྗོངས་ཀྱི་རྣམ་རྒྱལ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་། དེ་བཞིན་དབུས་ཧི་མ་ལ་ཡའི་རིག་གཞུང་སློབ་གཉེར་ཁང་བཅས་ཀྱི་བར་གྲོས་ཆོད་བཞག་སྟེ་འགོ་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་(Rajnath Singh)་མཆོག་གིས། བོད་རིག་པའི་བསླབ་གཞི་སློབ་ཁྲིད་ལས་གཞི་དེའི་དམིགས་ཡུལ་ནི། རྒྱ་གར་གྱི་མཐའ་སྲུང་དམག་མི་དང་ས་མཚམས་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མིའི་བར་འབྲེལ་བ་བཟང་དུ་བཏང་སྟེ། སྤྱི་ཡོངས་ཀྱི་བོད་པའི་གནས་སྟངས་སྐོར་རྒྱུས་ལོན་བྱ་རྒྱུ་དེ་ཡིན་པ་ཉེ་ལམ་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎