རྒྱ་གར་གྱི་དམངས་གཙོའི་དུས་ཆེན་ལ་སྲུང་བརྩི།
2012.01.26
༄༅༎དེ་རིང་ཚེས་༢༦སྟེ་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་དམངས་གཙོའི་ཉི་མོའི་དུན་དྲན་ཐེངས་༦༣པ་དེ་རྒྱལ་ས་ལྡི་ལིར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད་ ད་རེས་ཀྱི་དུས་སྟོན་གྱི་མཛད་སྒོའི་ཐོག་ཐའེ་ལེནདྲ་གྱི་སྲིད་བློན་ལྕམ་ཡིང་ལཀ་ཤི་ན་ལྦ་ཏྲི་མཆོག་རྒྱ་གར་ནང་གཞུང་དོན་འཚམས་གཟིགས་ཐོག་མ་ཕེབས་པ་དང་སྟབས་བསྟུན་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་འདུག་༎
དུས་སྟོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཐའེ་ལེནདྲ་གྱི་སྲིད་བློན་ལྩམ་ཤི་ན་ལྦ་ཏྲ་མཆོག་རྒྱ་གར་གྱི་སྲིད་འཛིན་ལྕམ་པར་ཏི་བ་པ་ཏིལ་མཆོག་དང་ སྲིད་བློན་མན་མོ་ཧན་སིང་མཆོག་རྣམ་གཉིས་ལྷན་དུ་བཞུགས་ཏེ་ དུས་སྟོན་གྱི་མཛད་རིམ་གཟིགས་ཞིབ་གནང་འདུག དམངས་གཙོའི་ཉི་མོ་སྲུང་བརྩི་ཞུ་བའི་མཛད་རིམ་ནང་རྒྱལ་ས་ལྡི་ལིའི་ནང་ལོ་ལྟར་རྒྱ་གར་གྱི་དམངས་གཙོའི་ཉི་མོ་སྲུང་བརྩི་ཞུ་སྲོལ་ལྟར་ ད་རེས་ཀྱང་ རྒྱ་གར་གྱི་ས་མཚོ་གནམ་གསུམ་དཔུང་དམག་གི་རུ་སྒྲིག་དང་ མངའ་སྡེ་ཚང་མས་མངའ་སྡེ་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གྱི་རུ་སྒྲིགས་གཟིགས་འབུལ་ཟབ་རྒྱས་ཞུས་པ་དང་ ལྷག་པར་དུ་རྒྱ་གར་གྱི་དམག་དོན་གྱི་སྟོབས་ཤུགས་འཕེལ་རྒྱས་འགྲོ་བའི་མཚོན་དོན་དུ་རྒྱངས་ཚད་ཀི་ལོ་མི་ཀྲར་༣༥༠༠བར་རྙོབས་ཐུབ་པའི་ཨག་ནི་མེ་ཤུགས་འཕུར་མདེལ་རྟགས་ཅན་བཞི་པ་དེ་འགྲེམས་སྟོན་ཐོག་མ་བྱས་ཡོད་པ་རེད་ དུས་སྟོན་འདིའི་སྐབས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་སོགས་པའི་བདེ་འཇགས་ཀྱི་ཉེན་ཚབས་འགོག་སྲུང་སླད་རྒྱལ་ས་ལྡི་ལིའི་ནང་དྲག་ཆས་ཉེན་རྟོག་པ་དང་ དམིགས་བསལ་སྦྱོང་བརྡར་བྱས་པའི་དམག་མི་དང་ཡང་རྒྱུན་ལྡན་གྱི་དམག་མི་བཅས་ཁྱོན་བདེ་འཇགས་མི་སྣ་༢༥༠༠༠ཙམ་ཕྱོགས་གང་སར་འགྲེམས་སྤེལ་བྱས་འདུག་ལ་ དེ་བཞིན་རྙོག་གླེང་ཆེ་བའི་ཇམ་མུ་ཀཤི་མིར་མངའ་སྡེ་ཁུལ་དུ་ དམངས་གཙོ་ཉི་མོ་སྲུང་བརྩི་ཞུ་བའི་དུས་ཚོད་རིང་ ལག་ཁྱེར་ཁ་པར་ཡོངས་རྗོགས་གཏོང་ལེན་མ་ཐུབ་པ་བཟོས་ཡོད་འདུག་༎