པ་ཀི་སི་ཐན་གྱིས་འཇིགས་བསྐུལ་དྲག་སྤྱོད་པ་རྩིས་སྤྲོད་དགོས།
2009.01.03
༄༅༎རེས་གཟའ་སྤེན་པའི་ཉིན་སླར་ཡང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་པ་ཀི་སི་ཐན་གྱི་ངོས་ནས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་རྒོལ་སྤེལ་མཁན་གྱི་དྭོགས་གཞི་ཡོད་པའི་མི་དེ་དག་རྒྱ་གར་ལ་རྩིས་སྤྲོད་དགོས་པ་གསུངས་འདུག
ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་སྦའེ་རུ་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཚབས་ཆེ་བྱུང་རྗེས་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་གྱི་གནས་བབས་ཛ་དྲག་གི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་པ་དང་རྒྱ་གར་སྲིད་བློན་མཆོག་གིས་རྒྱ་གར་གྱི་ངོས་ནས་པ་ཀི་སི་ཐན་དང་དམག་འཁྲུག་བྱ་འདོད་མེད་ཀྱང་མུམ་སྦའེ་ནང་དྲག་སྤྱོད་སྤེལ་མཁན་གྱི་བྱེད་ལྟེ་དེ་དག་རྩིས་སྤྲོད་ངེས་པར་དགོས་ཀྱི་རེད་ཅེས་གསུངས་འདུག
ཟླ་བ་སྔོན་མར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པཱར་ནབ་མུ་ཁར་ཇིས་པ་ཀི་སི་ཐན་གཞུང་ལ་དེང་སྐབས་པ་ཀི་སི་ཐན་ནང་རང་དབང་གི་ཐོག་ནས་གནས་སྡོད་བྱེད་བཞིན་པའི་འཇིགས་བསྐུལ་དྲག་སྤྱོད་པ་མི་གྲངས་བཞི་བཅུ་ཙམ་གྱི་མིང་ཐོ་ཞིག་ཕུལ་བ་དང་ཁོང་ཚོས་རྒྱ་གར་ལ་རྩིས་སྤྲོད་དགོས་རྒྱུ་གསུངས་ཤིང་མི་གྲངས་བཞི་བཅུའི་མིང་ཐོའི་ཁོངས་སུ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་བསྐུལ་དྲག་སྤྱོད་སྤེལ་སྟེ་མི་གྲངས་བརྒྱ་དང་དྲུག་བཅུ་རེ་བཞི་ཙམ་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་དང་འབྲེལ་བ་ཆེན་པོ་ཡོད་མཁན་དང་ཡང་དེ་མིན་འདས་པའི་ནང་རྒྱ་གར་གྱི་ཕྱོགས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གྱི་མི་སྣ་སོགས་ཚུད་ཡོད་འདུག
རྒྱ་གར་གཞུང་གིས་གྲོང་ཁྱེར་མུམ་སྦའེ་ནང་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་དྲུག་ཉིན་འཇིགས་བསྐུལ་དྲག་སྤྱོད་སྤེལ་མཁན་ནི་པ་ཀི་སི་ཐན་ནང་རྟེན་གཞི་བྱེད་པའི་དྲག་སྤྲོད་པའི་ཚོགས་པ་ལཤི་ཀར་ཨེ་ཏོའེ་སྦ་ཟེར་བ་དེ་ཡིན་པ་བརྗོད་བཞིན་ཡོད་པ་རེད།
པ་ཀི་སི་ཐན་གཞུང་གིས་རྒྱ་གར་གཞུང་ནས་རྩིས་སྤྲོད་དགོས་ལུགས་བརྗོད་བཞིན་པའི་འཇིགས་བསྐུལ་དྲག་སྤྱོད་པ་སུ་ཡང་རྒྱ་གར་ལ་རྩིས་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་མེད་པར་མ་ཟད་ད་དུང་གལ་ཏེ་རྒྱ་གར་གཞུང་ཕྱོགས་ནས་ཁུངས་སྐྱེལ་དཔངས་རྟགས་གསལ་པོ་སྤྲད་ཚེ་དྭོགས་གཞི་ཡོད་པའི་མི་དེ་དག་པ་ཀི་སི་ཐན་གྱི་ནང་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་ནན་བརྗོད་བྱེད་བཞིན་ཡོད་པ་རེད༎